R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༠༦
[A:༢༠༦]ཆོས་ཚན་སོ་སོ། མངལ་སྐྱེས་ནོར་བུའི་བང་མཛོད། གཏན་ཁྲིམས། དུས་ཁྲིམས། གསང་སྔགས་ལམ་རིམ། ཆོས་དབང་གི་མ་ནིང༌། བྱང་གཏེར་གྱི་སྟག་ཞོན། གཟའ་མཆོག་ཆེན་པོ། བསྟན་སྲུང་ཡོངས་རྫོགས་སོགས། ཟླ་བ་བདུན་གྱི་བར་ལ་ཉིན་མཚན་ཁོར་ཡུག་ཏུ་དབང་ལུང་རྗེས་གནང་སོགས་ཆོས་ཀྱི་སྦྱིན་པ་ཐང་མར་བརྡལ་ཏེ་ཆོས་འདོད་ཀྱི་རེ་བ་མཐར་ཕྱིན་པར་མཛད། བསྟན་པ་རིན་པོ་ཆེ་སྲིད་མཐའི་བར་དུ་རྒྱས་པར་མཛད་པ་ནི་བསྟན་པ་སྟོབས་ཀྱིས་རྒྱས་པར་མཛད་པའི་སྡེ་སྲིད་ཀྱི་བཀའ་དྲིན་དང༌། འབྲེལ་ཚད་དོན་ལྡན་པདྨ་རྒྱལ་པོའི་ཞལ་འོད་གསུང་གི་བདུད་རྩིས་བློ་གྲོས་ཀྱི་བུམ་པ་ཁེངས་ཏེ་པདྨ་འོད་ཀྱི་གཞལ་ཡས་ལ་ཐལ་མར་ཕྱིན་ཆོག་པ་ནི་པདྨ་རྒྱལ་པོ་ཡབ་སྲས་ཀྱི་སྐུ་དྲིན་ཡིན་པས་བདེ་ན་ཀུན་ཀྱང་འདི་བཞིན་མཛད་པར་ཞུ་ཞིག །སྐུ་གསུམ་སྲས་གཅིག་རྒྱལ་བའི་ཁ་ལོ་པ། །ཆོས་སྐུ་གཉིས་པ་ཚུལ་གཟུགས་པདྨ་ཞེས། །ཁྱོད་ཉིད་ཅིག་ཤོས་རིགས་འཛིན་མཚན་འཆང་བ། །བདག་གི་འདྲེན་པ་བཀའ་གཏེར་དུ་མའི་མཛོད། །རྒྱ་བོད་གཏེར་གནས་ཆེན་པོ་ཐམས་ཅད་ཀྱི། །མཆོག་ཐུན་སྒྲུབ་པའི་ཆོས་མཛོད་ཁྱོད་གཅིག་པུ། །གངས་ཅན་བོད་ཀྱི་གདུལ་བྱའི་སྐྱབས་མགོན་དེའི། །གསུང་གི་གསང་བ་ཆེས་གསང་འདི་ཐོས་པས། །སྲིད་ཞི་མཉམ་ཉིད་རྟོགས་པའི་རྣལ་འབྱོར་ང༌། །སྔགས་པ་ཚོགས་པའི་ཁྲོད་ན་མི་མཚེར་གདའ། །དེ་ནས་རང་ལོ་ཞེ་གསུམ་པ་ཁྱི་ལོ་ཟླ་བ་གཉིས་པའི་ཚེས་བཅུ་ལ་བཀྲ་བཟང་ལ་ཕེབས། ཚེས་བཅུའི་མཆོད་པ་རྒྱས་པར་གནང༌། དེ་ནས་བཀྲ་བཟང་སྒྲུབ་ཆེན་གྱིས་བཞེངས་པའི་བླ་བྲང་འདུ་ཁང་སྦྲགས་པ་དེར་ཞབས་དྲུང་སྐུ་མཚམས་ཞག་བདུན་མཛད། བདག་གིས་ཀྱང་མཁའ་འགྲོ་སྤྱིའི་ཡུམ་ཆེན་ཨེ་ཀ་ཛ་ཊིའི་གཏོར་ཁང་གི་མདུན་དུ་བླ་མ་དྲག་པོ་དབུ་དགུ་པའི་བསྙེན་