R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༠༨
[A:༢༠༨]འཕྲལ་དུ་ཤི །དེ་འཕྲལ་འགྲོ་གསུང་ནས་མི་བཞུགས་པའི་གྲབས་མཛད། བདག་གིས་འདི་ལྟར་མི་མཛད་པ་དགོས་ཞུས་མཚམས་སྦྱོར་ལྷག་བསམ་རྣམ་པར་དག་པས་ཕུལ། གཞན་སྦྱིན་བདག་གནས་གསར་བ་དང་འབྲི་གུང་པ་བྱ་ཡུལ་བ། སྙེ་མོ་བ་སོགས་དགའ་མོ་ལོས་ཡིན། དེ་ཚོའི་དངོས་ལས་བྱང་པའི་མཚན་དགའ་བས་གདན་ཆགས་ས་གནང་དགོས་ནན་ཞུས་ཕུལ། སྡེ་སྲིད་སྐུ་མཆེད་དྲུང་དུའང་ཕུལ། སོ་སོ་ནས་དགེས་དགེས་ཅི་ཡང་གནང༌། མཆོད་ཡོན་ལེགས་ཚོགས་ཀྱི་དཔེ་ཐུབ་པ་ཙམ་བྱུང༌། དེ་ནས་གོང་དུ་ངེད་རང་དཔོན་སློབ་ཀྱི་མཐུན་གྲུབ་སྤྱན་དྲངས་པའི་སྤྱན་རས་གཟིགས་ཐུགས་སྒྲུབ་སྐྱེ་བདུན་སོགས་ཀྱི་དབང་རྗེས་གནང་ལུང༌། ཀླུ་འབུམ་ནཱ་ག་རཀྴ། དབང་སྡུད་ལྷ་ཆེན། ཛམྦྷ་ལ་ཕོ་དགུ་མོ་དགུའི་དབང་རྗེས་གནང་ལུང་དང་བཅས་པ་སོགས་ཟབ་གཏེར་དུ་མའི་བདག་པོར་གྱུར་པ་ལགས་སོ། །གཞན་ཡང་རྙིང་མའི་རྒྱུད་འབུམ་སོགས་བཀའ་གཏེར་གྱི་ཆོས་སྒོ་བརྒྱད་ཁྲི་ཞིག་ཐོབ་མོད། ཕལ་ཆེ་བ་མིང་རྐྱང་ཙམ་མིན་པ་ཉམས་ལེན་དང་སྤེལ་བའི་གནས་དང་བྲལ་བས་ཐང་ཆད་དང་འདྲ་སྙམ་བསམས་བཞིན་ཐང་ཆད་པ་ལས་མི་འདུག་གོ །སྙིགས་དུས་འགྲོ་རྒྱུན་ཉམ་ཐག་ང་རོ་འབོད། །འདི་འདྲའི་དུས་ན་པདྨཱ་ཀ་ར་ཁྱོད། །ཐུགས་རྗེས་ཡལ་བར་བཏང་བ་མ་ལེགས་མོད། །ལས་ངན་འཁོར་བའི་ལྕགས་སྐུད་མདུད་མེད་ཀྱི། །གྲངས་མེད་བསྡམས་པ་འདི་དག་གཟིགས་ལགས་སམ། །མྱུར་དུ་དཔལ་རི་འོད་ཀྱི་མཁའ་དབྱིངས་ནས། །བྱིན་རླབས་མཁའ་འགྲོའི་ཆུ་འཛིན་གསར་པ་ཡི། །འཆི་མེད་བདུད་རྩི་ཐུགས་རྗེའི་ཆར་རྒྱུན་གྱིས། །འཁོར་བའི་ཁྱིམ་ཀུན་འཁྲུད་པར་བྱིན་གྱིས་རློབས། །སྟེང་འོག་བར་དག་མ་རུངས་འབྱུང་པོས་གང༌། །དམུ་རྒོད་རྒྱལ་འདྲེ་ཐེ་རང་