[A:༢༠༩]ཚ་རག་གཏོང༌། །ཆོས་བྱེད་ཕལ་ལ་ཆོས་བརྒྱད་འགོང་པོ་ཞུགས། །དེ་དུས་དུས་འདིར་རིག་འཛིན་འཁོར་ཚོགས་དང༌། །ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །རྣམ་སྤྲུལ་སྤྲུལ་པ་བྱེ་བ་བསམ་ཡས་ཀུན། །ར་མདའ་ཟླ་མེད་འབོད་དོ་ཐུགས་རྗེས་གཟིགས། །བྱང་ཕྱོགས་མུན་པའི་ལྗོངས་འདིར་ཆོས་ནོར་གྱི། །དཔག་མེད་གཏེར་གྱི་སྒོ་མོ་ད་ཕྱེ་ཞིག །ལས་ཅན་འབྲེལ་བའི་ཕོ་མོ་ཇི་སྙེད་པ། །སྟོབས་ཆེན་མྱུར་དུ་བྱོན་ལ་བདུད་རིགས་ཆོམས། །བདག་གི་སྨོན་པ་འདི་དག་འགྲུབ་གྱུར་ཅིག །གསུམ་པ་འཁྲིད་ཚུལ་རྒྱ་མཚོ་ལྟ་བུ་ནོས་ནས་བསྙེན་སྒྲུབ་ལས་མཐའ་སྦྱིན་སྲེག་གིས་བསྐང་བ་ལའང༌། གསར་མ་དང༌། རྙིང་མ་རྣམས་རིམ་པས་བཀོད་ན། དང་པོ་ནི་རང་ལོ་ཉེར་བཞི་པ་མདོ་ཕྱོགས་ཀྱི་སློབ་གཉེར་བྱེད་བཞིན་པ་ལ་སྔོན་དུ་དབང་གི་སྨིན་པ་གྲུབ་ཟིན་ནས། འབྲུ་དགོན་པར་སྔར་ནས་མྱོང་བ་ནི་ཅི་ཡང་མེད། ཧམ་པ་བྱས་མཚམས་ཤིག་བྱས་དེ་ཡང་སྐུ་གསུམ་གྱི་ལྷ་ལས་གཞན་པ་མེད་པས་དེའི་ནང་ནས་ཐུགས་ཀྱི་ལྷ་དཔལ་ཕྱག་ན་རྡོ་རྗེ། དེ་ཡང་ཆེ་བ་བརྒྱད་ཀྱི་ནང་ནས་འཁོར་ལོ་ཆེན་པོ་དབང་གིས་ཆེ་བའི་གཞིའི་བསྙེན་པ་བྱས་དུས། ཞག་ཁ་ཡར་ཞིག་སོང་བ་ན་ནུབ་ཅིག་རྨི་ལམ་མངོན་སུམ་རང་ཟེར་རྒྱུ་མེད་པའི་ཟ་ཟི་ཞིག་ལ། ཟླ་བོ་ཞིག་ན་ནས་འཆི་ལ་ཐུག་པའི་ཉམས་ཤར། དཀར་པོ་ཉམས་དེ་དངས་ནས་བསམས་རྩེ་ན་ང་རང་གི་ཁོང་པའི་ནང་ན་ཡར་རྒྱུག་པ་བཙུགས་པ་འདྲ་བའི་ཟུག་གཟེར་ནི་བཟོད་བླགས་མེད་པ་ལུས་ནི་ཡ་ཡོ་མི་ཐུབ་པ་ཙམ་འདུག །ཅི་འདྲར་འགྱུར་རམ་སྙམ་པ་མ་གཏོགས་ཐབས་སོགས་ནི་གང་ཡང་མེད། དྲིན་ཁྱེར་ཐབས་མེད་པའི་ཕ་མ་གཉིས་ཟས་ནི་ཅི་ཟ་ཅི་འཐུང་བསྣམས་ནས་ཟོ་འཐུང་གསུངས་ཀྱང་ན་བའི་གནས་ཚུལ་ནི་ཞུ་མ་ནུས། ཟས་