[A:༢༡༠]དེ་རྣམས་སྦས་ནས་བཞག །ཟོས་ཚུལ་ཞུས། དེ་ནུབ་ནས་བཟུང་ཞག་ལྔ་ཐུགས་དམ་མ་ཆག་ཙམ་མ་གཏོགས་མང་པོ་ཡེ་མ་ཐུབ། ཡབ་ཀྱི་བཀའ་ལུང་ལ་ཁྱོད་མཚན་ཉིད་བར་སོང་བས་མི་ནུས་པ་༧ཡོད་པ་ནམ། བཞིན་མདོག་ཡེ་མི་འདུག་བློ་ལྷོད་བྱས་ཁ་འདོན་བྱེད་དགོས་གསུང༌། མཚན་ཉིད་པྲ་བཅལ་ཁོ་ནའི་དབང་གིས་གནད་དང་མྱོང་བ་དམིགས་པ་སོགས་ནི་ཅི་ཡང་མེད། ད་ངས་སྐྱེ་བ་གྲངས་མེད་ཅིག་བླངས་ཡོད་ཀྱང་དོན་མེད་ཁོ་ན་མ་གཏོགས་ཆོས་བྱེད་གཤའ་མ་ཞིག་མ་བྱུང་འདུག །ད་ལན་གཅིག་པོ་ཆོས་བྱེད་པའི་ཁུང་བྱས་པ་འདི་ལ་ད་ལྟ་ཤི་ན་རང་ལེགས་སྙམ་དགའ་ཚོར་ཚད་མེད་རང་བྱུང༌། དེ་ལྟ་བུའི་རྦད་ཁམ་ཐག་ཆོད་བྱས་པའི་ནུབ་མོ་རྨི་ལམ་ན་སྒྲ་ཞིག་ལྷང་ལྷང་འདུག །རླུང་ལྟ་བུ་ཡིན་ནམ་སྙམ་པའི་དེ་བས་གསང་བའི་སྒྲའི་གདངས་ལ་ཁྱོད་ནད་འདི་ལས་གྲོལ་བ་ཡོད་དོ་ཟེར་བ་ཐང་གསུམ་བྱུང༌། གཉིད་ཀྱི་རྣམ་པ་ཅུང་ཟད་བྱུང་བ་དེ་སད་པ་ན། ཨེ་བདེན་ནམ་སྙམ་ལངས་པས་ཟུག་གཟེར་ཡོད་པ་རྣམས་ནི་བྱུང་བའི་རྗེས་གང་ཡང་མེད་པར་གར་སོང་ཁུང་མེད་དུ་སོང་འདུག །མངོན་སུམ་མ་ཡིན་ནམ་སྙམ་ཙ་ན་ཁམས་དངས་པ་རིག་པ་བདེ་བ་ཐུགས་དམ་ལ་སྤྲོ་བ་ཉི་མ་ཤར་བ་ལྟ་བུ་བྱུང༌། བསྙེན་པའི་ཐོག་མ་འཁོར་ཆེན་ལྷ་བཅུ་གསུམ་ལ་ཟླ་བ་དྲུག་གི་བར་ལ་བགེགས་ཀྱི་རྣམ་པ་ཙམ་ཡང་མེད་པར་བདུད་དང་བར་ཆད་ཀྱི་རྒོལ་བ་ལས་རྒྱལ་བའི་ཐོག་མ་འདི་ཉིད་ཡིན་ནོ། །དེའི་དུས་དགུན་ཤིན་ཏུ་གྲང་བའི་སྐབས་ཡིན་ཀྱང་མཆོད་པའི་ཡོན་ཆབ་རྣམས་རེས་འགའ་ཅུང་ཟད་འཁྱགས། རེས་འགའ་དབྱར་དུས་ལྟར་སྡོད་པ་མ་གཏོགས་ཡེ་ནས་མི་འཁྱག །དམ་རྫས་ཀྱི་གཏོར་མ་རྣམས་ཀྱང་དྲི་མ་ཕུན་སུམ་ཚོགས་པ་དང༌། དཔལ་ལྡན་ལྷ་མོ་ཉིད་ལ་གཏང་རག་