[A:༢༡༤]ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོར་གདའ་བས། བརྒྱུད་འཛིན་ཀུན་ལ་ཡེ་ཤེས་ཀྱི་གཟིགས་པ་དམ་པ་རྒྱུན་ཆད་མེད་པར་ཡོད་འདུག་པས། བདག་ཀྱང་བསོད་ནམས་ཆེ་སྙམ་པའི་དགའ་སྤྲོ་ཚད་མེད་བྱུང༌། བདག་གི་སྤྱིལ་བུ་དེ་སྔ་གོང་རྗེ་རབ་བརྟན་པའི་བཞུགས་ཡུལ་ཡིན་པས་ཁོང་གནས་རྙིང་རྒྱལ་པོ་དེ་ལ་གསོལ་མཆོད་གནང་གིན་ཡོད་འདུག་པས། དེའི་ནང་ལ་རྒྱལ་པོ་དེ་ཁོར་རེ་འགྲོ་བ་ཞིག་གཟིགས་པ་དང༌། ལྷག་པར་བདག་ལ་ཐུགས་རྗེའི་གཟིགས་པ་མི་ལྷོད་པར་གནང་གིན་ཡོད་གདའ་བས། ཟླ་བ་དེ་ཁའི་ནང་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཚུངས་མེད་ཚར་པ་རྗེས་མྱུག་ནས་ཕྱག་དམ་བདུད་རྩི་རིལ་བུའི་ཐུམ་པ་གསོལ་རས་འདྲ་དང་བཅས་ཕེབས་བྱུང་བའི་ནང་ན། ཁྱོད་ཀྱི་སྒྲུབ་ཁང་དེར་གནས་རྙིང་རྒྱལ་པོ་འདི་འཕྲལ་འཕྲལ་འགྲོ་བ་ཞིག་འདུག་པས་བར་ཆད་དམ་འཚུབ་ཀྱི་རྣམ་པ་བཞིན་མི་ཡོང་འདུག་གམ། ངས་ཀྱང་དམིགས་པ་སོགས་གང་ཡོད་བྱེད་ཀྱིན་ཡོད། ལར་རྡོ་རིང་རིན་པོ་ཆེ་ལ་རང་རེའི་བརྒྱུད་འཛིན་ཀུན་ལ་གནོད་པ་མི་བྱེད་པའི་སྲོག་སྙིང་ཕུལ་ནས་དམ་བཅས་འདུག་པས། འོ་སྐོལ་རྣམས་ལ་འདི་གཅིག་པུའི་བཀའ་དྲིན་ཀྱང་བསམ་པའི་ར་བ་ལས་འདས། གང་ལྟར་དེ་ལ་དམིགས་པའི་གཏོར་མ་འདྲ་དང༌། དགེ་སྦྱོར་འབུང་བསྐྱེད་དེ་བྱེད་པ་དང་ལྷག་པར་ལམ་ཟབ་མོ་ཉིད་ལ་ནན་ཏན་གྱི་རྟག་ཏུ་གསོལ་བ་ཐོབ། གེགས་སེལ་བོགས་འདོན་གྱི་སྐྱེལ་སོ་འདི་གཅིག་པུ་ཡིན་ནོ་གསུང་བ་ཞིག་ཕེབས་བྱུང་བས། སྐུའི་ཟིལ་དང་གསུང་བག་ཕེབས་ལ་བློ་ཡུལ་དུ་བབས་པ་དེ་དྲན། དངོས་སུ་མཇལ་བ་ལྟ་བུའི་དད་པའི་དགའ་བས་སྙིང་རྩ་ཞུ་བའི་ཆུའི་དངས་མ་ནི་འདྲེན་བྱེད་ཀྱི་བུ་ག་གཡོས་ཏེ་འཁུར་ཚོས་འཛིན་མའི་ཁྱོན་ལ་རི་གཟར་གྱི་འབབ་