R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༡༣
[A:༢༡༣]པའི་བཞེད་སྒྲ་དལ་གྱིས་འབྱིན་པ། སྤྱན་འབྲས་ཟླུམ་ཞིང་བརྗིད་པ་ཞི་བའི་ཉམས་ཅན་གྲུ་གསུམ་ཅུང་ཟད་ཡོད་པ་ཕྱག་གཉིས་ལུང་བསྟན་པའི་ཕྱག་རྒྱ་ལྟར་མཛད་པ་གར་དགུའི་ཉམས་དང་ལྡན་པ་ཞིག་བྱོན་བྱུང་ནས་ཁྱེད་སྐལ་བ་བཟང་ཡོངས་འཛིན་དམ་པ་བརྒྱུད་པ་འཁྲུལ་པའི་དྲི་མ་དང་བྲལ་བ་དེ་དང་མཇལ། ལམ་ཚང་ལ་མ་ནོར་བ་མཁའ་འགྲོའི་ཞལ་རླང་མ་ཡལ་བ་འདི་ལྟ་བུ་ཐོབ་ཕྱིན་ཆད་སྙིང་ནས་ཉམས་ལེན་ལ་འབུངས་མཛོད་གསུངས་དབུགས་དབྱུང༌། ད་ཁྱེད་རང་འདི་ལྟ་བུའི་གདམས་པས་ཡོངས་འཛིན་བརྒྱུད་བཅས་ལ་ནམ་ཡང་སླུ་བ་མེད་པས་དུས་ཀུན་ཏུ་འདུ་འཛི་དང༌། གྲུབ་མཐའ་གཞན་གྱི་དབང་དུ་མ་སོང་བར་ཞེས་ན་གསོལ་བ་ཐོབ་མཛོད་གསུང་ལུང་བསྟན། དེས་ནས་ནམ་ཞིག་བསྟན་པ་དང་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་བདག་པོ་ཁྱེད་རང་བྱེད་དགོས་པ་ཡོང་བས་འཁུར་བཞེས་དང་དགའ་བ་ཁྱད་པར་ཅན་སྒོམས་མཛོད་གསུང་གཟེངས་བསྟོད། ཕྱག་གིས་བྱིལ་བྱིལ་མཛད་ནས་ང་ཡང་ཁྱེད་རང་དང་ནམ་ཡང་འབྲལ་བ་མེད་དོ་གསུང་བྱུང་བ་དང་སྙམ་དུ་གཉིད་སད་པ་ན། ཨེ་མ་ཆོས་ཀུན་རྨི་ལམ་སྒྱུ་མར་སྣང་བ་བདེན་པར་འདུག །དེ་ལྟ་བུའི་བླ་མ་དང་དངོས་སུ་མཇལ་ན་ཅི་མ་རུང་སྙམ་མཆི་མས་མདུན་ངོས་བངས་པ་ཙམ་ནང་དུ་ཤོར། བསམས་ཙ་ན་བློ་བདེ་བའི་ཚད་ཐུབ་པ་རིག་པ་འུར་ལངས་ཏེ་དགའ་བ་དང་སྤྲོ་བ་ཡིད་དངས་པ་ཐུན་བཞིའི་དགེ་སྦྱོར་ལ་དང་བའི་དད་པ་ཉི་མ་ཤར་བ་ལྟར་བྱུང༌། དེ་ལྟ་བུའི་ཚུལ་ལན་ཅིག་མ་ཡིན་པར་ཕེབས་བྱུང་བས་དད་པ་དབྲོག་ཏུ་མེད་པར་བྱུང༌། ཕྱིས་བསམས་ཙ་ན་ཁྱབ་བདག་ཧེ་རུ་ཀ་དང་དབྱེར་མེད་པ་ཚར་ཆེན་རྡོ་རྗེ་འཆང་གི་ཡོངས་འཛིན་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་