[A:༢༡༥]ཆུ་ལྟར་ཤུགས་དྲག་རྦ་རླབས་དང་བཅས་འབབ་པ་ཞིག་བྱུང༌། འོན་ཀྱང་གསོལ་འདེབས་ཀྱི་ཚིག་འར་མ་འུར་མ་བྱས། མདོར་ན་ཡབ་སྲས་དེ་གཉིས་ཀྱི་ཐུགས་རྗེ་ལས། ལམ་འདི་ལྟ་བུའི་ཉམས་ལེན་གྱི་བགྲོད་པ་ཟིན། གང་བྱས་ཚབས་སུ་འགྲོ་བ་དང་ཅི་བྱེད་ཆོས་སུ་འགྱུར་ཞིང་གཞན་ཕན་དུ་འགྱུར་བ། བླ་མ་དང་ཡི་དམ་ཐ་མི་དད་དུ་འགྲུབ་པ་སོགས་ནི་ཅུང་མ་ཡིན་ནམ། གང་ལྟར་དེ་གཉིས་ལ་ཐ་དད་ཡོད་པ་ནི་མ་ཤེས། རྒྱུད་ནས་ཟླ་དྲུག་སྒོམ་པའི་སྦྱོར་བ་ཞེས་པ་རྫོགས་ལྡན་ལ་དགོངས་སམ་སྙམ། སྙིགས་མ་ལྔའི་དུས་འདིར་དེ་ཉིད་བཞི་འགྱུར་གསུངས་པས། སྐུ་མཐོང་གསུང་ཐོས་ནི་ལྟ་ཅི་རྨི་ལམ་དུ་རྒྱུད་ནས་གསུང་བའི་བསྙེན་རྟགས་ཕྲན་བུ་བྱུང་ཀྱང་ཐམས་ཅད་བྲིས་པ་ལ་ཡིད་ཆེས་ཆུང་བས་ཐང་ཅིག་ཕཊ། ཧེ་རུ་ཀ་དཔལ་བདག་མེད་ལྷ་དགུའི་ཚོགས། །ཚོགས་དྲུག་ཡུལ་སྣང་ཁྱོད་ཀྱི་རོལ་པར་ཤར། །དག་བྱ་དག་བྱེད་འཁོར་འདས་ཟུང་འཇུག་ཏུ། །རྟོགས་པའི་རྣལ་འབྱོར་ང་རང་ཞེ་བློ་བདེ། །བསྐལ་བཟང་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང༌། །ཆོས་དབྱིངས་གསུང་གི་ཉི་མ་གཟི་འོད་འབུམ། །བློ་ལྡན་ཤེས་རབ་རྒྱས་པའི་པད་ཚལ་དུ། །ལྷུངས་མ་ཐག་ཏུ་ཀུན་དགའི་ཡལ་འདབ་རྒོད། །བརྗིད་པའི་སྐུ་དང་འཛུམ་པའི་ཞལ་བཟང་ནི། །མཐོང་ཐོས་དྲན་པས་སྲིད་ཞིའི་དཔལ་འབྱོར་རྣམས། །དགེ་མཚན་སྲིད་མཐར་རྒྱས་མཛད་རྡོ་རིང་པ། །སྲས་ཀྱི་དཔའ་བོ་འཕྲིན་ལས་ཁ་ལོ་སྒྱུར། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཚར་པ་རྗེ། །ཟབ་དང་རྒྱ་ཆེའི་སྙན་བརྒྱུད་སྙིང་པོ་ནི། །རང་སེམས་ཆོས་སྐུའི་འབྲས་བུ་འདི་ནའོ། །དེ་ནས་ཟླ་བ་དགུ་པའི་ནང་དུ་ཤངས་ཡུལ་སྐྱིད་པའི་བྱ་འདབ་སྨྱུག་རྒྱལ་ཁང་དུ་སླེབ།