[A:༢༡༦] ཞབས་དྲུང་རྗེའི་བཀའ་ལུང་ལ་ཁྱོད་སླེབ་པ་ལེགས། ཤངས་ལ་ཆུ་བཟློག་ཅིག་ལ་འགྲོ་དགོས་པ་འདུག །ཆུ་དེས་རང་ཕྱོགས་ལ་གནོད་ཚབས་ཆེན་པོ་ཡོང་ཤས་ཡོད་འདུག་པས། རྫས་འདི་རྣམས་དོ་ནུབ་ནས་སྒྲུབ་པ་གྱིས་གསུང༌། གཟིམས་ཆུང་དུ་ཞག་བདུན་སྒྲུབ་པ་བྱས། དེ་ནས་ཤངས་ཀྱི་ལུང་པའི་དཀྱིལ་རྒྱལ་བ་སྐྱེད་པའི་ཡུམ་མཆོག་འདི་ཉིད་ཀྱི་འཁྲུངས་ཡུལ་གཡང་ཆེན་དུ་ཕྱིན། ཆུ་དེའི་རྩར་ཕྱིན་པས་རྦ་རླབས་གནམ་ལ་སྙོག་པ་འདྲ་བ། མཐོང་བ་ཙམ་གྱིས་ལྟ་བར་མི་བཟོད་པ་རིག་གཟར་གྱི་རྦབ་ལྟ་བུར་བྱས། རང་ཕྱོགས་ལ་ཁ་བལྟས་ནས་ཆུ་རགས་ཆེན་པོ་ཞིག་འདུག་པ་དེ་ཉིད་འཕྲེད་གཏུབས་སུ་འཕྲལ་དུ་བྱེད་པ་འདྲ་བ་ཞིག་འདུག །ཨེ་མ་འདི་ལྟ་བུ་བསྒྱུར་བའི་ནུས་པའི་ཅི་ཡོད་འབྱུང་བ་ལ་ཁ་ལོ་གང་འགྲོ་སྙམ་པའི་དོགས་པ་བྱུང༌། འོན་ཀྱང་དཔའ་ཞུམ་པས་མི་འོང་བླ་མ་དམ་པའི་ཐུགས་རྗེ་དང་ལྷ་ནག་པོ་ཆེན་པོ་ཁྱེད་ཀྱི་མཐུ་སྟོབས་ལ་རག་སྙམ། བློ་ལ་ཐེ་ཚོམ་འཁུ་ཁྲིད་མེད་པར་ཐག་བཅད། རྫས་དེ་རྣམས་ཆུ་དེའི་གདུང་ལ་བཙུགས། རྡོ་རྗེ་བྲག་རྫོང་མའི་བསྐྱེད་ཆོག་རྒྱས་པར་བྱས། གཏོར་བསྔོ་དང་ཆུའི་གནོད་པ་དྲག་པོ་མི་འབྱུང་བའི་འཕྲིན་ལས་རྒྱས་པར་བཅོལ། ཡ་ང་བག་ཚ་མེད་པར་བློ་བདེ་འབོལ་རང་བྱས་ཏེ་ནུབ་གཡང་ཆེན་དུ་བསྡད། སང་སྔ་བར་ལྟས་པས་གནམ་ལྕགས་ཀྱི་ཐོག་ལྟར་དྲག་པོའི་ཆུ་དེ། རང་ཕྱོགས་སྒང་དུ་ལང༌། དེ་ནུབ་འཕྲེང་གཅོད་བྱས་ནུབ་རང་ལ་བལྟས་ནས་འགྱུར་འདུག་པས། ཡ་མཚན་ཆེ། ང་རང་ལ་གདེང་ཐོབ་པ་ནི་ཡེ་མེད། བླ་མ་ལ་བློ་ཁེལ་བའི་ཐུགས་རྗེ་མྱུར་ལ་སྟོབས་ཆེ་བ་དེ་ཙུག་ཏུ་གདའོ། །གཡང་པ་ཆོས་རྗེ་བསོད་ནམས་ཆོས་འཕེལ་པས་མཐུ་རྩལ་ལག་ཡོད་འདི་གར་འདུག་ཟེར་ཧ་