R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༡༧
[A:༢༡༧]ལས་བྱེད་པ་དང་དད་གུས་བྱེད་པ་མང་དུ་བྱུང༌། གཞན་ཡང་རང་ལོ་སུམ་ཅུ་རྩ་བདུན་པ་ལ་དམ་ཆོས་མཐའ་དག་གི་བང་མཛོད་བོད་ཡུལ་གྱི་བདེ་སྐྱིད་མ་ལུས་པའི་སྒོ་གཅིག་པོ་མཁྱེན་བརྩེའི་ཞབས་དྲུང་དུ། མདོ་རྒྱུད་མ་ལུས་པའི་གླེགས་བམ་གཅིག་པོ་གསུང་ངག་རིན་པོ་ཆེ་ཚོགས་བཤད་ལན་གཉིས་དང༌། སློབ་བཤད་ལན་ཅིག་དང་བཅས་པ་རྒྱས་པར་ཐོབ་དེ་ཡང་སློབ་བཤད་ཀྱི་གོ་དོན་ཟུར་པ་ཙམ་ནི། བླ་མ་རབ་ཀྱི་ཞལ་ལས་བླངས། །ཞེས་པ་ལྟར་ཡོངས་འཛིན་མཚན་ཉིད་ཚང་བའི་སྐུ་གསུང་ཐུགས་མཉེས་པར་བྱ་བའི་ཞལ་སྒོ་ལས་འབྱུང་གི །ཡིག་ནག་མཐའ་དག་ལྟས་པས་དོན་དེ་ཉིད་རྟགས་པའི་ཐབས་བྲལ་ཏེ། ཚད་མ་སྙན་བརྒྱུད་བཞིའི་སྤྲོས་པ་བཅད། །ཅེས་དང༌། རྒྱུ་ལམ་འབྲས་གསུམ་དབྱེར་མེད་དོན་སྨྲ་བ། །གསུངས་པས་ཐེག་ཆེན་ཐུན་མོང་བའི་ཉམས་ལེན་སྣང་བ་གསུམ་ནས། དང་པོ་རྒྱུའི་དབང་ཉིད་འཁྲིད་དུ་བྱས། དེའི་རྒྱུན་སྐྱོང་བ་སློབ་བུ་རྗེས་བཟུང་ནས་ཐ་མལ་རྣམ་རྟོག་སྦྱོངས་པ་བསྐྱེད་རིམ་གྱིས་ངོ་སྤྲོད་ཀྱི་ཚུལ་དང༌། བར་དུ་ལམ་གྱི་དབང་ཉིད་འཁྲིད་དང༌། དེའི་རྒྱུན་སྐྱོང་བ་གྱ་ནོམ་ལྷ་ཞེན་སྦྱོང་བ་རྫོགས་རིམ་ཉིད་ངོ་སྤྲོད་དང༌། ཐ་མ་འབྲས་བུ་ལ་མཚམས་སྦྱོར་བ་གོང་མ་གསུམ་གྱི་དབང་འཁྲིད་དང༌། དེའི་ལྟ་བ་ངོ་བོ་ཉིད་གསུམ་གྱི་རྒྱུན་སྐྱོང་བ་སྒོ་གསུམ་ལ་ཡེ་ཤེས་སྐྱེ་བའི་རྣམ་རྟོག་སྦྱོང་བ་གོང་མ་གསུམ་གྱི་འཁྲིད་ཉིད་ངོ་སྤྲོད་ཀྱི་ཚུལ་དུ་བྱེད་པས་ན། རྒྱུ་མཚན་དེའི་ཕྱིར་མགོ་བཤད་ཐབས་ནས་མཇུག་བཀྲ་ཤིས་ཡན་ལ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་རིན་ཅེན་སྣང་བའི་དོན་ཉིད་གཏན་ལ་ཕབ་ཅིང་འགྲོས་དེ་ཉིད་སྦྱར་བས་ན། དབྱེར་མེད་དོན་སྨྲ་བ་དེ་ལ་སློབ་བཤད་ཀྱི་ཆོས་