[A:༢༢༠]རྗེ་ལུས་ཀྱི་རང་ཞལ་སྔོན་དུ་བྱས། །བྱང་ཕྱོགས་སྲུང་མའི་གཙོ་བོ་རྡོ་རྗེ་གུར། །ཕྱི་ནང་གསང་གསུམ་གདོད་མའི་རྒྱུད་སྐོར་བཅས། །མ་ལུས་རིགས་བརྒྱའི་ངོ་བོ་རྡོ་རྗེ་འཛིན། །པཎ་གྲུབ་མཁྱེན་བརྩེའི་ཐུགས་ཀྱི་སྒོ་ཕྱེ་ནས། །བགེགས་མེད་དགྱེས་པའི་དངོས་གྲུབ་དབྱར་མཚོ་ལྟར། །རྦ་རླབས་ཕྱོགས་བཅུར་བསྐྱོད་པའི་ཆུ་ཀླུང་ལས། །ས་སྐྱའི་གདུང་བརྒྱུད་ཞལ་བཅུད་སྙིང་པོ་ནི། །རྟག་ཏུ་འབྲས་བུ་ཁུར་འཛིན་ཁའུ་པ། །བདག་གི་ཡོངས་འཛིན་རྣམ་གཉིས་ཞལ་འོད་ལས། །ད་ལྟ་བདག་གི་བློ་ཡི་བུམ་པ་ལས། །གཞན་དུ་ཡོད་མེད་གཟུ་བོས་བྱ་ར་མཛོད། །མ་ཐོས་གསང་ཆེན་གཞན་ན་ཡོད་གྱུར་ན། །མྱུར་དུ་ཞབས་རྡུལ་མཆོད་ནས་གུས་པས་ལེན། །བོད་ཀྱི་ཡུལ་གྲུ་གང་ན་ཡོད་ཀྱང་རུང༌། །བདག་ལ་མྱུར་དུ་སྟོན་ནམ་བརྡ་ཐོང་ཞིག །དེ་ནས་རང་ལོ་སོ་བཞི་པ་ལ་སྤྲེལ་ལོ་ཟླ་བ་བཅུ་པའི་ཚེས་བཅུ་ལ། ཞབས་དྲུང་རིན་པོ་ཆེས་ཀྱེ་རྡོར་གཞི་བསྙེན་མཛད། བདག་གིས་སྔར་གྱི་བསམ་གཏན་ཁང་བུ་དེར་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་གཞི་བསྙེན་ཟླ་བ་དྲུག་བྱས། གནད་དང་དམིགས་པ་བྱེད་ལུགས་སོགས་ལ་བསླབ་བྱ་ཡང་ཕེབས་པའི་ཚུལ་སྙིང་དུ་བཅངས་ནས་ཉམས་སུ་བླངས་པའི་ཟླ་བ་གཅིག་དང་ཞག་བཅུ་བཞི་སོང་བའི་ཉི་མ་རྩེ་ཤར་ལ་གཉིད་དུ་སོང་བའི་རྨི་ལམ་ན། ཨ་ཙ་ར་བརྗིད་ཆེ་ལ་སྣུམ་བག་དང་ལྡན་པ་བརྒྱད་ལག་པ་སྦྲེལ་ནས་གར་སྣ་ཚོགས་བྱེད་ཅིང་དགའ་བའི་རྣམ་འགྱུར་མང་དུ་སྟོན། ཐམས་ཅད་ལག་པས་བདག་གི་འཕྲེང་བ་མགོ་བོ་ལ་བཞག །སྐེ་ལ་སྒོར། འཛུམ་པའི་ཟུར་གྱིས་གཅིག་གིས་གཅིག་ལ་བལྟ་ཞིང་ཀུན་གྱི་འཛུམ་པས་བདག་ལ་ལྟས་ནས། པར་པིར་གྱི་གླེང་མོ་མང་དག་བྱེད་ཀྱིན་འདུག་ཀྱང་གམ་ལ་ཆེར་མ་ཟིན། དེ་ལྟ་