R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༢༡
[A:༢༢༡]བུའི་ཚུལ་གྱི་ལན་མ་ཁ་ཡར་བྱུང༌། གཉིད་སད་པ་ན་བསམས་ན་ཆོས་ཉིད་བདེ་ཆེན་གྱི་མགོན་པོ་མཁའ་འགྲོ་ལྷ་བརྒྱད་ཀྱི་རྣམ་པར་འདུག་པས་རྨི་ལམ་ངན་པ་རང་ནི་མིན་པ་འདྲ། གང་ལྟར་མགོན་པོ་སོགས་མངོན་སུམ་མཐོང་ཟེར་བ་དུ་མ་ཡོད་གིན་གདའ་སྟེ་དེ་དག་གིས་ལམ་འདི་ཕྱོགས་ལ་མ་བསྒྲུབས་ཀྱང་འགྲུབ་པའི་གང་ཟག་དུ་མ་ཞིག་ཡོང་གིན་ཡོད་འདུག་པས་དེ་འདྲ་ཡིན་ནམ། འདི་ཚོས་ནི་ལོ་ཟླ་ཞག་ཅི་བསྒྲུབས་ཀྱང་དེ་འདྲའི་ན་མ་བྲལ། རྣམ་འཕྲུལ་ཙམ་རྨི་ལམ་དུ་བྱུང་བ་ལ་དགའ་བར་ཟད་དོ། །ཁྱབ་བདག་ཧེ་རུ་ཀ་ཉིད་དུ་མའི་གར། །མགོན་པོའི་ཚུལ་འཛིན་བསྐལ་བཟང་བསྟན་པ་སྐྱོང༌། །རྣམ་འཕྲུལ་ཇི་ལྟ་ཇི་སྙེད་དགྱེས་པའི་ཚུལ། །མངོན་སུམ་གསལ་བར་མཛད་འདི་ཉམས་རེ་དགའ། །དེ་ནས་ཟླ་བ་བཞི་སོང་བའི་བྱ་ལོ་ཆོ་འཕྲུལ་ཆེན་མོའི་ཚེ་བཅུ་བཞིའི་སྔ་ཐུན་གྱི་ཉི་མ་དྲོ་ཕྱེད་ཙམ་ལ་གཉིད་ཀྱི་རྣམ་པ་ཡོད་ཙམ་བྱུང་བའི་རྨི་ལམ་དུ་བདག་གི་སྒྲུབ་ཁང་ནས་རྒྱལ་ཆེན་བཞི་སོགས་སོ་སོ་ནས་དམག་རིགས་དུ་མ་གོ་མཚོན་དཔག་ཏུ་མེད་པ་གྱོན་ནས། སོ་སོ་ནས་རུ་ཤངས་ཀྱི་རྣམ་པ་དཔག་མེད་བྱས་ཏེ་ཐོན་སོང༌། འཕྲེད་ལམ་བདེ་མོ་ཞིག་ཡོད་པ་དེ་ལ་བྱས། མྱུག་ཆོས་སྡེའི་རྒྱབ་རི་དགའ་ལྡན་རྩེ་མོ་ཟེར་བ་ཞིག་ཡོད་པ་དེའི་རྩེ་ཚུན་ཆད་དམག་སྣུམ་ལ་དཔུང་ཆེ་བ་དེས་ཁྲིག་དེ་ཁེངས་འདུག །ཅོ་སྒྲ་བྱས་ཏེ་གཡས་སུ་ལན་གསུམ་བསྐོར་ནས། དུག་གསུམ་གྱི་དགྲ་ལས་རྣམ་པར་རྒྱལ་བའི་རྟགས་སུ་ལྷ་རྒྱལ་གྱི་སྒྲ་འབྲུག་ལྟར་དུས་གཅིག་ཏུ་ལྡིར་བ་ལྟ་བུ་དང༌། དར་འཕྱར་ཁ་དོག་སྣ་ཚོགས་ཀྱིས་ཉི་མ་བསྒྲིབ་ཐུབ་པ་ལྟ་བུ་དང༌། དུང་གི་སྒྲ་སོགས་རོལ་མོས་ས་གཞི་གཡོ་ནུས་པ་ཙམ་འདུག །དེ་ཐམས་ཅད་ལ་ཡང་དེ་འདྲའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། མཐར་