R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༢༢
[A:༢༢༢]སྟོང་གསུམ་ཐམས་ཅད་མེར་གྱིས་ཁེངས་འདུག །དེ་ནས་གཅིག་ལ་གཅིག་ཐིམ་རང་ཟེར་རྒྱུ་ནི་མི་འདུག །མཐའ་ནས་མེ་ལོང་ལ་ཧས་བཏབ་པ་བཞིན་རིམ་པས་འདུས། མཐར་འོད་ཟེར་སྔོན་པོ་བཻཌཱུརྻ་དངས་པའི་མདོག་ལྟ་བུ་ཉི་མ་འབུམ་གྱི་གཟི་འོད་ལྟར་འོད་ཟེར་སྣ་ཚོགས་འཕྲོ་བ་ཞིག་བྱས་སོང༌། དེ་ཉིད་རྗེ་བཙུན་མཁྱེན་བརྩེའི་དྲུང་མདུན་གྱི་ནམ་མཁའ་སྐུ་མཐེབ་སོར་གྱི་ཚད་ཙམ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལྟ་བས་ཆོག་མི་ཤེས་པ་ལྟ་བུ་ཞིག་བྱོན་བྱུང་བས་དེའི་ཐུགས་ཁར་སིམ་དེ་ཐིམ་སོང༌། དེ་ཉིད་ཀྱང་འོད་ཟེར་སྔོན་པོའི་རང་བཞིན་དུ་གྱུར་ནས་རང་ལ་ཐིམ་སོང༌། ཡང་དེ་འདྲ་བའི་སྤྲུལ་པ་བྱེད་པའི་ཁུང་ལ་གཉིད་སད་བྱུང་བས། ཡ་མཚན་ཆེ་དགོད་བྲོ་ལར་ཆོས་འདིའི་བཞུགས་ཚུལ་ལ། སྲུང་བ་ཡང་དག་བཟློག་པ་ཡིན། །བཟློག་པ་ཡང་དག་བསད་པ་ཡིན། །ཞེས་པ་ལྟར་སྲུང་བ་གྲུབ་པ་ཙམ་ནི་ཡིན་པ་འདྲ། གང་ལྟར་རྨི་ལམ་ལ་ངེས་པ་མེད། འོན་ཀྱང་སྲུང་བཟློག་བསད་མནན་ཐམས་ཅད་དུས་གཅིག་ཏུ་གྲུབ་སྟེ་སྤྲུལ་པ་སྤྲོ་བ་དང་ཡང་སྤྲུལ་སྤྲོ་བ་སོགས་འདིའི་གཞུང་ནས་བཤད་པའི་བསྙེན་སྒྲུབ་ཀྱི་རྟགས་རབ་འབྲིང་ཐ་གསུམ་ཆ་ཚང་བ་ཙམ་བྱུང༌། འགྲེལ་པ་གུར་རྒྱན་དུ་གསུངས་པའི་འབུམ་ཕྲག་དྲུག་ཅུ་རྩ་བཞི་དག་བཅད་ཁོར་ཡུག་ཏུ་བྱས་ནས་སོང་ཞིང༌། དེ་ནས་གཟུང་ད་ལྟ་དོན་ལྔའི་བར་དུ་ཐུགས་དམ་འཆག་མེད་ཀྱི་ཁུངས་བྱས། མ་ཧཱ་ཀཱ་ལ་འབུམ་ཕྲག་བརྒྱད་བརྒྱ་དང་བདུན་ཅུ་ཁ་ཡར་སོང་འདུག་ཅིང༌། ཤཱ་ས་ནས་གཙོས་པའི་སྲུང་མ་འདིའི་སྐོར་ལ་བོད་རྦད་བསད་གསུམ་གྱི་སྔགས་རྣམས་འབུམ་ཕྲག་ཕྱོགས་ཀྱི་བསྒྱུར་བ་ཙམ་སོང༌། མདོར་ན་ཡུལ་གཞན་གཡེང་བས་བཟླས་པར་ཡོད་པ་ནས་འབྲས་བུ་ཡང་དེ་མཚུངས་ཤིག་ཡོད་དམ་བསམ། གང་ལྟར་