R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༢༣
[A:༢༢༣]ཆོས་མཐུན་གྱི་བཞེད་དགུ་མཐའ་དག་ལྷུག་པར་སྩལ་བས་ཐུན་མོང་གི་དངོས་གྲུབ་སྣ་རེ་ཙམ་དུ་ཟད་དོ། །རྡོ་རྗེའི་ཆོས་སྐྱོང་ཕྱི་རོལ་གྲགས་པའི་གཟུགས། །རྒྱུད་གསུམ་རང་སེམས་གཅིག་ཉིད་ཁོ་ན་ལ། །སྲུང་དང་བཟློག་པ་ལ་སོགས་མེད་མོད་ཀྱང༌། །མ་རྟོགས་འཁྲུལ་པའི་སྣང་ངོར་ཕྱི་རོལ་ཤོར། །རྟོགས་ན་དེ་དང་དེ་འདྲའི་དགོས་པ་ཤར། །ཀུན་གྱིས་མ་གོ་ལྐུགས་པའི་ཚུལ་དུ་བཞུགས། །དཔའ་བོ་གུར་མགོན་ནག་པོ་དེ་ཉིད་དང༌། །ཁྱབ་བདག་ཧེ་རུ་ཀ་དཔལ་གང་དེ་ལ། །ཐ་དད་མི་འདུག་གདོད་ནས་གཅིག་ཉིད་དོ། །དེ་ནས་ཞབས་དྲུང་ཡང་སྐུ་མཚམས་གྲོལ་བྱུང༌། བདག་གིས་ཀྱང་གྲོལ་ཏེ་གཟིམས་ཆུང་དུ་གཏང་རག་གི་བསྐང་གསོ་དཔོན་སློབ་སྟབས་གཅིག་ཏུ་ཞག་གསུམ་སྦྲེལ་ཅིག་བྱས། དེ་གྲུབ་འཕྲལ་དཔོན་སློབ་རྣམས་ཞ་ལུ་ལ་ཕེབས་ཐོག་རྒྱལ་ནས་ཞལ་ངོས་བསུ་བ་གནང༌། བསམ་རྩེར་རིན་སྤུངས་ཞལ་ངོ་དང་མཇལ་ཕྲད་དགྱེས་དགྱེས་གནང་འདུག །བདག་གིས་དཔལ་སྦུག་ཏུ་བསྡད་ཁྱོད་རང་སྒྲོལ་དཀར་ལ་ཚེ་བསྙེན་ཅིག་གིས་གསུང་བ་ནས་ཟླ་བ་ཕྱེད་གཉིས་ཙམ་བྱས་པའི་ཁོངས་སུ་བོགས་འབྱིན་པའི་ཞི་བའི་སྦྱིན་སྲེག་དང་བཅས་གེགས་མེད་དུ་གྲོལ། གཞན་ཡང་འདིའི་སྦྱིན་སྲེག་སྡེ་པའི་སྐུ་རིམ་སོགས་རང་གི་བར་ཆད་ཞི་བའི་སྦྱིན་སྲེག་བརྒྱ་ལྷག་པ་སོང་ཞིང༌། དེ་བར་ལ་བསྙེན་རྟགས་སམ་གང་ཡིན་ཀྱང་ཞག་བཅུ་དྲུག་སོང་བའི་རྨི་ལམ་དུ། ཐང་ཡངས་པོ་འཇམ་ལ་དཀར་བའི་ས་གཞི་ལ་བྱང་སེམས་ཆོས་སྐུའི་མཆོད་རྟེན། སྐུ་གཟུགས་ཀྱི་ཚ་ཚ་ཁྲི་ཁྲག་དུ་མ་འདུག །དེ་རྣམས་ལ་ཀུནྡ་ལྟར་དཀར་བའི་ན་བཟའ་གསོལ་བ་གྲལ་ལ་རིམ་པར་བསྒྲིགས་ཟིན་པ་དེ་ལ་མཆོད་པ་སྣ་ཚོགས་འབུལ། འདི་