R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༢༥
[A:༢༢༥]སྙམ་པ་བྱས་བསྡད། རྒྱུད་ནས་འཇིགས་པ་ཆེན་པོ་འོང་ཞེས་པའང་ཆ་འདྲ་ཙམ་ཡིན་པ་འདྲ། དེ་ནས་སྲིབ་ཙམ་ནས་འཐུང་དཀར་དེ་ཉིད་མདུན་ན་ཡོད་པ་གཟུགས་མི་མངོན་པ་རྐོག་རྐོག་ཞེས་པའི་སྐད་ཅིག་འདུག །འཕྲལ་བལྟས་པས་དཀར་ཡོལ་ཤུབས་བཅས་ཨོ་དཀར་བས་ཁྱེར་འགྲོའི་འདུག་པས་རཀྴ་འཇིགས་སུ་རུང་བ་དེ་སྐྱོན་པས་བཞག་སོང༌། གཞན་ཡང་ཡི་དམ་འདི་ཉིད་ལ་བསྙེན་པ་ཐེངས་མ་བཞི་བྱས་པ་ནས་བཟུང་ད་ལྟ་ཡན་ལ་འདི་ཉིད་ཀྱི་སྙིང་པོ་འབུམ་ཕྲག་ལྔ་བརྒྱ་དང་ཉི་ཤུ་ཁ་འཐོར་སོང་ཞིང༌། རྩ་སྔགས་ཉེ་སྙིང་སོགས་ལ་དེས་མཚོན་པའི་འབུམ་ཕྲག་བརྒྱད་ཅུ་ལྷག་པ་སོང༌། གཞན་ཡང་ཡི་དམ་འདི་ཉིད་ཀྱི་དཀྱིལ་འཁོར་ལ་སྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བླང་བ་སྟོང་ཕྲག་གཅིག་དང་བདུན་བརྒྱ་ཁ་ཡར་སོང་ཞིང༌། བོགས་འབྱིན་ཞི་བའི་སྦྱིན་སྲེག་ཟླ་བ་བཞི་སྦྲེལ་བ་དང་གཞན་ཡང་སྐབས་སུ་ཇི་སྙེད་ཅིག་སོང༌། ཐམས་ཅད་ཚུལ་བཞིན་དུ་བྲིས་ན་སྔགས་པར་ཞལ་གྱིས་བཞེས་པ་རྣམས་ཀྱི་སྔགས་གྲངས་ལས་མི་ཉུང་ཙམ་སོང་བས་ཀུན་རྫོབ་ཏུ་གྱུར་དོགས་ནས་མ་བྲིས་སོ། །དང་པོའི་མགོན་པོ་གུར་གུམ་གཞོན་ནུའི་སྐུ། །ཁྱོད་ཉིད་དུས་འདིར་སྲིན་པོའི་ཆ་ལུགས་ཀྱིས། །བསྟན་དང་གདུལ་བྱའི་སྙིང་ལ་བདེ་བ་སྟེར། །ཁྲོ་རྒྱལ་ཞལ་དགུ་པ་དེས་ད་དུང་སྐྱོངས། །སོ་མ་པཱུ་རི་མཁའ་འགྲོའི་ཕོ་བྲང་ནས། །རལ་གྲིའི་ཕྱག་མཚན་རོལ་པའི་རྡོ་རྗེ་ཡི། །འབུམ་ཕྲག་བཅུད་ཕྱུངས་མཁའ་འགྲོའི་སྙིང་ཁྲག་འདི། །བོད་ཡུལ་བསྒྱུར་ནས་འཇམ་དཔལ་རྭ་ལོ་སོགས། །འཁྲུལ་མེད་བརྒྱུད་པའི་ཞལ་འོད་ལས་འོངས་པའི། །མདོ་རྒྱུད་ནང་ཚང་མ་ལུས་ཧྲུལ་པོར་སྟོན། །ཚེ་གཅིག་བཅུ་གསུམ་