R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༢༦
[A:༢༢༦]ས་དེ་ཨེ་མ་ཧོ། །གཞན་ཡང་དཔལ་གཤིན་རྗེ་གཤེད་དམར་པོ་དཔལ་ལྡན་ཆོས་སྐྱོང་བིརྺ་པའི་ཐུགས་བཅུད་སྐལ་ལྡན་དབང་པོ་རབ་ཚེ་གཅིག་ལ་སངས་རྒྱས་ཐོབ་པའི་ཐབས་གཤིན་རྗེ་གཤེད་དམར་པོ་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་འཁྲིད་ཟབ་མོ་ཡང་ཐོབ། དེ་ནས་ཁྱི་ལོ་རང་ལོ་སོ་དྲུག་པ་ལ། བསྟན་པ་རིན་པོ་ཆེའི་སྤྱིའི་སྦྱིན་བདག་རིན་སྤུངས་ནས་གོས་སྐུ་ཞིང་ཁམས་རྒྱ་མཚོའི་རབ་གནས་ལ་ཞབས་དྲུང་ཡང་ཕེབས་དགོས་གསུང་བའི་སྙན་གསན་བྱུང་བ་ནས་ཞལ་བཞེས་མཛད། བུ་རིན་པོ་ཆེས་མཛད་པའི་དུས་འཁོར་མངོན་དཀྱིལ་རབ་གནས་སོགས་ཞལ་སྤེན་གནང་ནས། ས་གར། མཆོད་གར་ཚུན་ཆད་ལ་བདག་ལྟ་བུས་ཐ་ཤལ་བྱས་པའི་བསྐལ་པ་བཟང་པོའི་མཆེད་པོ་བརྒྱད་ཅུ་ཙམ་ལ་ཉིན་མཚན་ཁོར་ཡུག་ཏུ་སློབ་སྦྱངས་བཀའ་དྲིན་བསྐྱངས་ནས་ཁོང་དུ་ཆུད། རང་ལོ་སོ་བདུན་པ་ཕག་ལ་རིན་སྤུངས་ནས་སྤྱན་འདྲེན་གྱི་བསུ་བ་བཟབས་མར་བཅས་ཏེ་གདན་འདྲེན་པའི་ཕྱགས་ཕྱིར་ཕྱིན། རབ་ཏུ་གནས་བྱའི་ལྷ་ཚོགས་རིགས་ལྡན་ཡིན་པ་དང༌། དེ་མཚུངས་དུས་འཁོར་གྱི་སྟེང་ནས་ཕྱི་ནང་གི་རྟེན་འབྲེལ་ལེགས་ཚོགས་ཀུན་བསྒྲིགས་ནས་རྒྱས་པར་གནང་བའི་ཁུར་བཞེས་མཛད། དེ་ལྟར་ཆོ་ག་རྒྱས་པར་བསྒྲུབས། མེ་ཏོག་འཐོར་བར་རྗེ་བཙུན་དམ་པ་བྱམས་ཆེན་ན་ཕེབས་འདུག་པ་གདན་དྲངས། ཀྱེ་རྡོར་གྱི་སྟེང་ནས་ཕྱག་ནས་ཁྱུག་ཙམ་ཞིག་གནང་སོང༌། རྟེན་འབྲེལ་དང་ལེགས་ཚོགས་ཀྱི་རྒྱུན་ཐམས་ཅད་ནི་ལ་ཁའི་སྤང་རྩི་རླུང་གིས་བདས་པ་ལྟར་སོང༌། རབ་སྟོན་གྱི་ཤ་སྣ་ནི་སྲིན་པོའི་ཕོ་བྲང་ལྟར་འདུག །གཞན་ཡང་བཟའ་བཏུང་གི་བྱེ་བྲག་བརྗོད་ཀྱིས་མི་ལང་བ་ཙམ་