[A:༢༢༤]ཐམས་ཅད་ང་རང་གི་ལྷ་ཡིན་ཟེར་ཡིད་དགའ་དགའ་བྱེད་པའི་རྣམ་པ་བྱུང་བ་དང་གཉིད་སད། བསམ་ན་དེ་དུས་ཀྱི་དགེ་མཚན་དུ་མ་དེས་ལོ་བརྒྱ་འཚོ་བའི་རྟེན་འབྲེལ་མང་པོ་གོ་ལགས་སོ། །དྲུག་སྒྲགས་ལྡན་པ་རྡོ་རྗེའི་གུར་ཆེན་ནང༌། །ཕྱི་རོལ་མཚན་མས་མ་གོས་ཁ་བའི་མདོག །ལོ་བརྒྱའི་བར་ཆད་ཚེ་སྦྱིན་མ་དེས་བསལ། །འཆི་བའི་གྲོང་ཁྱེར་བདུད་ཀྱི་གཡུལ་ལས་རྒྱལ། །དེ་ནས་བྱ་ལོའི་སྟོན་དུས་རང་ལོ་སོ་ལྔ་པ་ལ་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཐུན་མོང་མ་ཡིན་པའི་ཉམས་ཁྲིད་ཟབ་མོ་དང་རྒྱ་སྟོན་གྱི་མཛད་པའི་ཟིན་བྲིས། ཇོ་གདན་ཡོན་ལྷུན་གྱིས་མཛད་པའི་ཟིན་བྲིས། རྒྱལ་ཁམས་ལོ་ཙཱ་བ་མ་ཎི་ཀས་མཛད་པའི་ཟིན་བྲིས། ཚ་བ་རོང་པ་ཤཱཀྱ་རྒྱལ་མཚན་གྱིས་མཛད་པའི་ཟིན་བྲིས། དེ་རྣམས་ཀྱི་སྟེང་ནས་འཁྲིད་ཚུལ་ཟབ་མོ་རེ་རེ་དང༌། གཞན་ཡང་མཚན་མོ་རྒྱུ་བ། མཚན་མ་གྱེན་བསྒྲེང༌། རྭ་རྩེའི་རྣལ་འབྱོར། འཆི་ཁ་མའི་རྣལ་འབྱོར་སོགས་འཁྲིད་ཚུལ་དུ་མ་ཞིག་ཐོབ་ཅིང་རྒྱུད་ཐོག་ཉམས་ལེན་ལ་ཡང་དག་པར་སྦྱར། དེ་གྲོལ་འཕྲལ་ཟླ་བ་བཅུ་པའི་ཚེས་བཅོ་ལྔ་ལ་སྔར་གྱི་བསམ་གཏན་ཁང་བུ་དེ་ཉིད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་མཐར་ཕྱིན་པར་བྱས་པའི་ཞག་བཅུ་སོང་བའི་སྲོད་ཐུན་གྱི་སྒང་ལ་དངོས་སུ་གཞོགས་གཡས་ན་མར་གཟུགས་མི་མངོན་པའི་གཅན་གཟན་སེམས་ཅན་མ་རུང་པ་ཞིག་ཡར་རྒྱུག་མར་རྒྱུག་བྱེད་པའི་མདུན་པ་ཤར་ཅིང༌། དེ་ལ་བྲེད་དངངས་ཤིན་ཏུ་ཆེ་བ་རིག་པ་མནན་པས་མི་ནོན་པ་ཤ་རྣམས་ཀྱང་གཡའ་ཁྱུག་ཁྱུག་བྱེད་པ། ད་ལྟར་རང་ཧད་དེ་ལངས་ན་སྙམ་པའི་ཟིལ་བུན་ནེ་བ་ཧད་ཧད་དྲན་པ་འཚོར་སྙམ་བྱེད་པ་ཞིག་བྱུང༌། དགེ་སྦྱོར་ཚན་བསྐྱེད་ནས་གང་ཡོང་བ་ཤོག་ད་ལྟ་རང་ཟ་ན་ཡང་ཟོ་