[A:༢༢༧]འདུག་མོད། དེ་གྲོལ་ནས་བྱམས་ཆེན་དུ་རྗེ་དམ་པའི་དྲུང་དུ་རྡོག་དཀྱིལ་བདུན་སོགས་གསན་པར་ཕེབས་པའི་ཕྱག་ཕྱིར་ཁོར་ཙམ་ཕྱིན། དེ་ནས་ནུབ་ཆོས་ལུང་བརྒྱུད་ནས་དཔལ་སྦུག་རི་ཁྲོད་དུ་དགེ་སྦྱོར་གང་འཕེལ་གྱི་རྣལ་འབྱོར་སྐྱིད་པའི་རང་ངོ་ཤེས་པ་ཞིག་བྱས་སོ། །ཨེ་མ་ཡ་མཚན་ལྟད་མོ་ངོ་མཚར་ཅན། །སྙན་པའི་བ་དན་འབྲུག་སྒྲ་སྟོང་དང་མཚུངས། །དོན་གྱི་གཙོ་བོ་ནམ་མཁའི་མཐའ་ལས་བསྐྲད། །འབྲས་བུ་ལོ་ཏོག་མི་ཟད་རླུང་གིས་ཁུར། །གྲགས་འདོད་རླུང་གིས་བཏེགས་པའི་གཤོག་བརྒྱང་གིས། །ཆེས་མཐོའི་དབུས་ན་ཐུན་མོང་བསིལ་གཡབ་མཛད། །མཐར་ཐུག་ལམ་གྱི་སྐྱེལ་སོ་གཅིག་པུ་པ། །ལམ་ཟབ་བླ་མར་སྙིང་ནས་འདུད་དོ་ཀྱེ། །དེ་ནས་རང་ལོ་སོ་བརྒྱད་པ་བྱི་ལོ་གླིང་ལོག་བདེ་འཁྲུགས་སྐབས་གནས་གསར་ནས་ཀྱི་ཕྱག་ཏུ་བོ་དོང་བྱུང༌། གཟིམས་ཁང་སོགས་ཀྱི་ཕྱག་ནས་ཀྱི་ཕྱགས་ཕྱིར་ཁོར་ཙམ་ཕྱིན། ཕར་ལམ་ཁྲོ་ཕུའི་ལྷ་ཁང་སྟེང་ཤོད་ཁྱད་འཕགས་བཅུ་གསུམ་སོགས་གནས་མཇལ་ཡིད་ཆེས་པར་བྱས། སྤྱི་སྒོས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་རྒྱ་ཆེར་བྱས། རིམ་པར་མྱུག་ཏུ་ཕེབས་ཞལ་ངོ་རྣམས་ལ་སྐུ་འབྲུམ་བཞེས། དེ་འདྲའི་སྐུ་རིམ་སོགས་ཀྱི་བན་ལིང་ལ་རྩེ་རང་དུ་བསྡད། བསྙེལ་གཞི་རྣམས་རིམ་པས་དངས། ཞབས་དྲུང་ཚོ་སླར་བོ་དོང་ལ་ཕེབས་སོང༌། བདག་གི་སྔར་གྱི་བསམ་གཏན། ཁང་བུ་ཉིད་དུ་མཚམས་བཅད་རྒྱ་ཤིན་ཏུ་དམ་པར་བྱས་བསྡད་པའི་དུས་སྔ་མ་བོ་དོང་ལ་ཁོར་ཙམ་ཡོངས་པའི་སྐབས་སུ་གནས་མཇལ་སོགས་བྱེད་པ་ནི་མ་བྱུང༌། དེའི་དུས་ཀྱི་རྨི་ལམ་ན་བོ་དོང་དུ་སླེབ་ནས་ཀུན་ར་ཆེན་པོ་ཞིག་འདུག་པ་དེ་ན་གཞན་