R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༢༨
[A:༢༢༨]སྐྱེ་བོའི་རྒྱུ་འགྲུལ་དང་འདུ་འཚོགས་སོགས་ནི་ཡེ་མི་འདུག །ཁྱམས་སྟོད་དེ་ན་ཁྲི་དཔང་མཐོ་དམན་མཉམ་པོ་བྱས་པའི་ཁྲི་དུ་མ་ཞིག་དང༌། གཞན་ཁོར་ཡུག་ཏུ་གདན་བཀོད་ཁད་དེ་བྱས་པ་ཞིག་འདུག །དེ་ན་དཀོན་གཉེར་ཡིན་ཟེར་བའི་བན་བཙུན་མདོག་སྨུག་པོ་བརྗིད་ཆགས་པ་ཞིག་འདུག་པས། ཁྱེད་རང་ཁྲི་འདི་འདྲ་ཞིག་ལ་མྱུར་དུ་འགོད་རྒྱུ་ཡིན་ཟེར། ཧེ་ཧེ་བདག་ལ་འདི་འདྲ་གང་ནས་ཡོང་བྱས་པས། དེ་འདྲ་མ་ཟེར་བྱེད་དགོས་པ་ཡོད་དེ་ཁྱེད་རང་གནས་མཇལ་འདི་ཚོ་ཡང་མཛོད་ཟེར། གནས་དེའི་ཕུག་ན་སྒོ་ལེགས་པོ་ཞིག་འདུག་པ་ཕྱེ་བྱུང༌། བདག་གིས་ཀྱང་ཕྱིན་བཤགས་ན་ས་ལ་པུས་མོ་ནུབ་པ་ཙམ་འདུག །ཕྱག་འཚལ་བ་བཞིན་ནི་མ་བྱུང་སྔ་མ་མཐོང་ཙ་ན་བུ་མོ་གོས་དཀར་ཁྲ་གྱོན་པ་འདྲ་འདྲ་ལྔ་འདུག །སླར་དེ་རྣམས་གར་སོང་ནི་མ་ཤེས། སྐུ་རང་གང་ན་ཡོད་བྱས་པས་མ་གཟིགས་ལགས་སམ། འདི་ན་ལགས་ཟེར་བ་ལྟར་བལྟས་པས་གཙོ་བོའི་སྨན་སྐུ་བསྟན་བྱུང་བས་བཻཌཱུརྻ་དངས་པའི་མདོག་འདྲ་བ་དྲེའུ་ཞོན་པ་བེ་ཅོན་ཐོད་ཁྲག་ཐོགས་པ་འདྲ་འདྲ་ལྔ་འདུག །དཀོན་གཉེར་ཁོང་གི་རྟེན་བཤད་ཀྱི་རྣམ་པ་ཞིག་བྱེད་ཀྱིན་འདུག་ཀྱང་ཅུང་མི་མཐུན་པ་གདའ། དེ་ནས་གཉིད་སད་ཙ་ན་ཅི་ཡིན་ནམ་བསམ་པ་མ་གཏོགས་ཁ་རོག་བསྡད། དེ་གྲོལ་ནས་སླར་དྲུང་ལ་འདི་འདྲ་བྱུང་ཚུལ་ཞུས་པས་ཁྱོད་ཀྱིས་དམག་ཟོར་མ་མཐོང་འདུག་པ་རྒོད་བྲོ་གསུང་དགྱེས་དགྱེས་ཅི་ཡང་གནང༌། རྨི་ལམ་དང་མངོན་སུམ་གྱི་ཁྱད་མ་གཏོགས་རིགས་ལྔ་ཆར་དེ་ཁོ་ནར་གདའ་གསུང༌། སླར་དེ་ལོ་གནས་གསར་གྱི་ཕྱག་ཏུ་པོ་དོང་བྱུང༌། བདག་ཀྱང་ཞབས་དྲུང་ཕྱག་ཕྱིར་ཡོང་དགོས་ཤར། དེ་ནས་བླ་མ་ཐུགས་རྗེ་ཅན་དེའི་ཕྱི་ནང་