[A:༢༢༩]གི་རྟེན་འབྲེལ་ལེགས་ཚོགས་མང་པོ་དང་བཅས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་སྲས་རིན་པོ་ཆེས་བྱིན་གྱིས་རླབས་པའི་ཁྲི་ཆེན་པོ་གསུམ་གྱི་ནང་ནས་རྟ་ར་བླ་བྲང་ཞེས་ཕྱི་ནང་སྟོང་ཉིད་དུ་ཡོད་པ་དེ་ཉིད་བྱེད་དགོས་པ་བྱུང་ཞིང༌། དེ་ཉིད་ཞབས་སྟེགས་སེང་གེའི་ཁྲི་ལ་ཅི་ཡང་མི་ཤེས་བཞིན་དུ་སྡོད་དགོས་པ་བྱུང་སྟེ། བསམས་ན་སྔོན་གྱི་རྨི་ལམ་ཁོ་ཡང་བདེན་པ་ཨེ་ཡིན། ལར་རྨི་ལམ་འཁྲུལ་པ་ལས་མ་འདས་མོད། ཕྱིས་གནས་མཇལ་བྱས་པས་གཙང་ཁང་དེ་ན་སྔོན་གྱི་ནས་སོགས་ནི་ཡོད་པ་ཙམ་ལས་མི་འདུག །གང་ལྟར་ལྷ་དེ་ཡང་དྲེའུ་ཞོན་པ་ཞིག་ལས་མི་གདའ། ཕྱིས་རྗེས་གནང་སོགས་ཆོས་སྐོར་གྱི་གསོལ་བ་བཏབ་ཀྱང་ཡེ་མ་བྱུང༌། ཁྱེད་རང་གིས་མཐོང་བ་ཙམ་གྱིས་མི་ཆོག་གམ་གསུང་བ་དེས་ཆོག་པ་ཡིན་ནམ་བསྐང་གསོ་སོགས་བྱེད་པ་ནི་ཡེ་མ་བྱུང༌། སྔོན་གྱི་ལྷ་དེས་སྔོན་དུ་ལུང་བསྟན་སྩལ། །མངོན་སུམ་གསལ་ནས་མངོན་དུ་གྱུར་པ་འདི། །དངོས་ཀུན་གསལ་གཟིགས་དངོས་བྱོན་བླ་མ་དེས། །དངོས་པོར་དྲིལ་ནས་དངོས་གྲུབ་ཡ་མཚན་གནང༌། །ཡང་བསྙེན་པ་དེ་ཉིད་ཀྱི་ཞག་ཁ་ཡར་སོང་བའི་རྨི་ལམ་ན། ཞབས་དྲུང་ཆིབས་པ་ཞེལ་ལེ་བ་ཞིག་ལ་ཆིབས་ན་བཟའ་ཧྲུལ་ལེ་བ་བཞེས། ཞལ་ཅུང་ཟད་ནོངས་པ་ཙམ་མཛད་ནས་ཕེབས་བྱུང༌། བདག་གིས་ཕྱག་འབུལ་བྱིན་རླབས་ཞུས། སྐུ་རྡབ་ཡོང་བ་འདྲ་ཟེར་བ་ཞུས་པས་ཅང་མི་གསུང་བར་ཕེབས་སོང༌། གཉིད་སད་བྱུང་བས་སྐུ་དོག་ཆེན་པོ་འདུག་པས་ཞེ་བློ་མ་བདེ་བའི་མཐར་ཐུག་པས་ཇི་ལྟར་དྲག་སྙམ་པ་ཅི་བྱ་ལ་འདས། ད་གཞན་ཐབས་གང་བྱས་ཀྱང་བཞུགས་པའི་