R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༣༠
[A:༢༣༠]ཚན་མིན་པ་འདུག །རྗེ་བཙུན་རིགས་འཛིན་ཆེན་པོས་གདན་བཞུགས་ཀྱི་གསོལ་འདེབས་ཤིག་བྱུང་ན་སྐུ་དོག་ལས་གྲོལ་བ་འདུག་སྙམ། རྨི་ལམ་གྱི་གནས་ཚུལ་སྡེ་པར་ཞུས་པས། རྗེའི་དྲུང་གི་མཚན་རྟགས་དགའ་མོ་མང་འདུག་པས། ཆུ་བོ་རི་ལ་འཕྲལ་དུ་ཕོ་ཉ་བཏང་ཇི་ལྟར་ཞུས་པ་ལྟར། ཡི་དམ་མང་པོ་ལ་སྦྱར་བའི་གསོལ་འདེབས་ཤིག་གནང་བྱུང་བས་སྐུ་ཚེའི་བར་ཆད་བདུད་སྡེ་ལས་དེ་ཉིད་དུ་གྲོལ་བ་ཡིན་ནོ། །རྨི་ལམ་ལ་ངེས་པ་ཅི་ཡང་མེད་པས་དགའ་བར་ཟད་དོ། །དེ་ནས་གླང་ལོ་སོ་དགུ་པ་ལ་སྡེ་པའི་སྐུ་རིམ་ལ་མྱུག་གི་རྩེར་བཟློག་ཆེན་བཞིའི་ནང་ནས། ཁ་འབར་མ་ཟླ་བ་སྦྲེལ་ནས་ཉིན་རེ་ལ་ཚར་གཉིས་རེ་འཆག་མེད་བཏང༌། དེ་གྲོལ་བ་དང་སྡེ་པའི་ཐབ་ཆེན་པོ་དོང་ལ་འདེགས་པ་གནང༌། ཞབས་དྲུང་ཡང་ཕེབས་བདག་ལ་ཡང་འགྲོ་གསུང་བའི་བཀའ་བཀོད་བྱུང༌། ནན་གྱིས་ཞུ་གྲོལ་ཞུས་ཀྱང་མ་གནང་བར་ཕྱག་ཕྱིར་ཡོངས། དེ་ལོ་འབྲི་གུང་ཟུར་པས་སྤྱན་དྲངས་པའི་གཤིན་རྗེ་གཤེད་དུ་བ་དུམ་བུ་ལ་བརྟེན་པའི་དམག་བཟློག་བྱེད་དགོས་པ་འདུག་པས་བྱེད་མི་ཆོས་རྗེ་བསོད་ནམས་ཆོས་འཕེལ་གྱིས་གསུང་བ་དང༌། དེའི་བཅའ་གཞི་སོགས་ཁོ་རང་གིས་ཤེས་ཀྱིན་ཡོད་གསུང་བའི་ཕྱག་དམ་ཞབས་དྲུང་གིས་བསམ་རྩེ་ནས་ཕེབས། དེ་འཕྲལ་བཅས་གཞི་རྣམས་གང་རྩོལ་བྱས་ཞག་བདུན་མཚམས་བཅད་རྒྱ་ཤིན་ཏུ་དམ་པ་ཞིག་བྱས་དགུག་གཞུག་དང་སྔགས་རྩེ་གཅིག་ཏུ་འདྲེན་པའི་དུས་ཞག་བཞི་སོང་བའི་སྲོད་ལ་གཉིད་དུ་སྲིབ་ཙམ་སོང་བའི་རྨི་ལམ་ན་ཚག་ཚག་ཅེས་པའི་སྒྲ་ཞིག་འདུག །དེའི་རྐྱེན་གྱིས་གཉིད་སད། ཡང་དངོས་སུ་ཚག་སྒྲ་ཤིན་ཏུ་ཆེ་བ་བྱུང་བས་ཟླ་བོ་ལ་ཐོག་འདི་ཇི་ལྟར་