[A:༢༣༡]བྱས་པ་ཡོང་ངམ་བྱས་པས། གདུང་འབྲེད་གཏུབས་སུ་ཆག་བྱུང་བས་ཉན་ཀ་བཙུགས་ནས་བསྡད། མལ་ད་ལྟ་སྤོས་པ་དྲག་ཟེར་བ་མང་པོ་བྱུང༌། ཐོག་རྡིབ་ནས་ཤི་ཡང་དེ་སྤོས་ན་དེ་འདྲ་ལས་སྐྱག་འབྱུང་ཆུང་བ་མེད་སྙམ་དེ་ག་མནན་ནས་བསྡད། དེའི་སང་ཉིན་སྔ་ཐུན་གྱི་དུས་སུ་སླ་ང་ཤ་གསར་པའི་འབུས་ཁྲིག་གང་འདུག །ཇི་ལྟ་བུ་ཡིན་ནམ་མིག་འཁྲུལ་བ་ནི་མིན་ནམ། ཁྱི་ཐོད་ནི་སྐམ་པོ་ཡིན། གཞན་མ་རྫས་རྣམས་ལ་དེ་འདྲ་བྱུང་དོགས་མེད་འདུག་སྙམ་སྤྱི་མོང་གི་ཡོག་ཐོས་ཁྱི་ཐོད་ཕྱིན་ཁ་ལོག་ཏུ་དཀྲུགས་སྐོར་བ་ནང་སྐོར་བྱས། ད་འབུ་འདི་རྣམས་མ་བསལ་ན་ནི་འཆི་བ་འདུག །བསལ་ན་ནི་སྐུ་རིམ་གྱི་རྟགས་བཟང་ངན་ཇི་ལྟར་ཡིན་མི་ཤེས་པ་འདུག །གང་ལྟར་སླ་ང་དུག་ཤིང་གི་མེས་དལ་བུས་བསྲེགས། མིག་བཙུམ་སྟེ་བླ་མའི་ཐུགས་དང་སེམས་ཅན་རྣམས་ཀྱི་ཤེས་པ་རང་སེམས་གསུམ་དབྱེར་མེད་དུ་བསྲེས་ནས་སྟོང་ཉིད་དུ་ཟིམ་མེ་ལྷོད་དེ་བཞག་པས། དེའི་ངང་ནས་འབུ་རྣམས་ནི་འཇའ་ཡལ་བ་ལྟར་སོང་ནས་ཅི་ཡང་མི་འདུག །མེ་གཏོང་བའི་ཟླ་བོ་དེ་ན་རེ་དེ་ལྟ་བུའི་ཆོ་འཕྲུལ་ནི་ཤིན་ཏུ་བྲེད། འ་རྫི་ཟེར་ལྟ་མི་ནུས་པར་བྲོས་སོང༌། དེ་ནས་མིས་མ་མངོན་པར་ས་མཚམས་སུ་སྦས་པས་ཕ་རོལ་གྱི་དཔུང་ཡན་ལག་བཞི་པའི་ཚོགས་དེ་ནི་ཆར་མེད་ཀྱི་འབྲུག་བཞིན་དུ་རང་དངས་སུ་སོང༌། རང་ཕྱོགས་བདེ་སྐྱིད་ཀྱི་བསྒོ་སྐལ་ཐོབ་པ་དེ་ཡང་འདི་ལྟ་བུས་སྦྱོར་བའི་སྟོབས་ནུས་སུ་མཆིས། དེ་ནས་ཟླ་ཕྱེད་ཙམ་ན་ཐོ་རེངས་ཀྱི་དུས་གཉིད་དུ་སོང་བའི་རྨི་ལམ་ན། བོ་དོང་ཨེའི་རྫོང་ནང་ནས་བུད་མེད་གཞོན་ནུ་མཛེས་ཤིང་བརྗིད་པ་རྒྱན་དཔག་ཏུ་མེད་པས་བརྒྱན་པ། ཕྱག་