R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༣༢
[A:༢༣༢]ན་མདུང་དར་སྣ་ལྔ་དུ་མ་ཐོགས་པ་ཞིག་འཐོན་ནས་ལྕགས་རིའི་རྩེ་ན་ཚུར་ཁོར་རེ་འཁོར་བ་དང་ལྷ་རྒྱལ་གྱི་སྒྲ་ཚངས་པའི་གདན་མན་ཆད་མགུལ་ནུས་པ་དང༌། དར་འཕྱར་གྱིས་ཉི་མ་འགྲིབ་འགྲོ་བ་ཙམ་བྱེད་ཀྱིན་འདུག་པའི་ངང་ནས་གཉིད་སད། བསམས་ན་དཔལ་ལྡན་དམག་ཟོར་རྒྱལ་མོ་དགྱེས་པའི་ཚུལ་གྱིས་གཡུལ་ལས་རྒྱལ་བའི་རྟགས་ཡིན་པར་གོ །དེ་ནས་ཞབས་དྲུང་ཡང་ཕེབས་བྱུང༌། འཕྲལ་དུ་ཤོག་གསུང་པས་དེ་འཕྲལ་ཕྱིན། ཁྱོད་ཀྱི་མ་བསྡད་ཀྱང་ཚབ་བྱས་ཏེ། རྩེ་གཅིག་ཏུ་སྐུ་རིམ་ལ་འཕུངས་འཚུབ་དྲག་ཆེན་པོ་བྱུང་འདུག་སྟེ་མལ་ཡང་མ་སྤོས་འདུག་པ་སྒོར་མ་ནས་ལེགས་ཚོགས་ཀྱི་དཔེ་ཐུབ་པ་བྱུང་འདུག་གསུང༌། སྐུའི་ན་བཟའ་བཞེས་འཕྲོ་དེ་འཕྲལ་གནང༌། དགྱེས་དགྱེས་ཀྱི་ཞལ་ཏ་མང་པོ་དང་ལྷན་ཅིག་སྦགས་ནས་སྩལ་བས་བློ་བདེ་ཕུགས་སུ་ཕྱུག་པའི་སྤྲང་པོ་སྐྱིད་དོ། །དེ་ནས་རང་ལོ་བཞི་བཅུ་པ་སྟག་ལོ་ཞབས་དྲུང་དཔོན་སློབ་དཔལ་ཞ་ལུ་གསེར་ཁང་ལ་ཐེགས་སོང༌། བདག་ལ་བཀའ་ལུང་ཁྱོད་རང་ཁམས་ལ་འགྲོ་དགོས་པ་འདུག་པས་ཁམས་གསུམ་དབང་དུ་སྡུད་པའི་ཕྱིར་དཔལ་ཚོགས་ཀྱི་བདག་པོའི་བསྙེན་པ་བྱེད་དགོས་པ་དེ་བཞིན་གྱིས་གསུངས་ནས་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་རྒྱལ་ཕུར་བྱུང་བ་དང་བསྟུན་ནས་མཚམས་བསྡམས། སྤྱིར་ཁམས་གསུམ་དབང་དུ་སྡུད་པའི་དམིགས་པ་ལྷག་པར་གང་དབང་དུ་བྱ་བའི་གདུལ་བྱའི་ཚོགས་དབང་དུ་བྱེད་པའི་དམིགས་པ་འདི་ལྟར་མཛོད་གསུང་བསླབ་བྱ་ཐུན་མོང་མ་ཡིན་པ་རྣམས་མཐར་ཕྱིན་པར་གནང༌། བཀའ་ལུང་བཟློག་ཏུ་ནི་མ་བདེ་ཁམས་ལ་འགྲོ་འདོད་པའི་ཞེ་བློ་རྩ་བ་ནས་