R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༥༩
[A:༡༥༩]པ་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཚུལ། བསྟན་པ་རིན་པོ་ཆེ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྲིད་མཐར་རྒྱས་པར་བྱས་ཚུལ་ལོ། །དང་པོ་རང་གི་ཡོང་ཁྱེར་འདི་ག་ལས་མེད་ཀྱང་གོང་མ་ཚོའི་ཞབས་འདྲེན་དུ་འགྲོ་བ་ལས་མི་འདུག་ནའང༌། ཐོག་མར་རིགས་ཡོད་ཙམ་བརྗོད་པ་ཀུན་གྱི་བྱ་སྲོལ་ལ་འདུག་པས། དེ་ཡང་བདག་ཚོ་བསྟན་པ་སྔ་དར་གྱི་དུས། བོད་ཀྱི་རུས་ཚན་མིའུ་གདུང་དྲུག་གི་དམུ་ལས་གྱེས་པའི་འབྲུ་ཞེས་པ་ལས་ཆད། ཁམས་སུ་ཆགས་ཏེ་རིགས་བརྒྱུད་སྤེལ་བ་རེ་དང༌། གཞན་གཙོ་ཆེར་སྒྲུབ་པ་སྙིང་པོར་ལྷུར་བྱེད་པ་འབའ་ཞིག་བྱུང་འདུག །དེ་ནས་རེ་ཞིག་ན་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཕྱག་ཕྱིར་འབྲངས་ནས་བོད་ལ་བྱོན། འཕགས་པ་རིན་པོ་ཆེའི་ནང་བློན་ལ་ཉེ་བ་ཞིག་བྱུང༌། ལུགས་གཉིས་ཀྱི་མཁྱེན་རབ་མཁའ་དང་མཉམ་པ་ཞིག་བྱུང་འདུག་པས། འཕགས་པའི་དངུལ་གྱི་དམ་ཁ་དང༌། འབྲུ་ལུང་པ་ཚང་མ་འཇགས་སོ་གནང༌། དགོན་ཁ་བཞི་སོགས་འདེབས་པ་མཛད། དེ་ནས་འཇིག་རྟེན་གྱི་ཐུགས་འགེལ་སྲས་སྐུ་མཆེད་གསུམ་བྱུང་བའི་ཆུང་བ་ལ་གནང༌། གཞན་གཉིས་ལ་དགོན་པ་རྣམས་ཕོག་སྟེ་འཁོར་སློབ་རྣམས་ལ་སྒྲུབ་པ་སྙིང་པོར་བྱེད་དགོས་ཚུལ་གྱི་བསླབ་བྱ་གནང༌། ཁོང་རང་འདི་སྣང་གི་བྱ་བ་ངན་པ་ཐམས་ཅད་བཞི་མདོའི་རྩྭ་ལྟར་དོར། བྱང་གི་གནམ་མཚོ་ཕྱུག་མོའི་དོ་རི་སེ་མོ་བྱ་བ་ཁ་ཡར་ཡོད་པའི་དབུས་མར་ཟས་ངན་ངོན་ཙམ་ལ་བརྟེན་ལོ་བརྒྱད་སྒྲུབ་པ་ཁོ་ན་ལ་བཞུགས་པའི་ཚེ། སྤྱིར་སྲིད་པ་བདེ་འགྲོ་དང་གསུང་གླེང་མཛད་ཅིང༌། བླ་མ་འདོད་ལྷ་དང་བཅས་པ་ཞལ་མངོན་སུམ་དུ་གཟིགས་