R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༦༠
[A:༡༦༠]ཁྱད་པར་དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མ་ཉིད་ཀྱིས། ཁྱོད་ཀྱི་མི་བརྒྱུད་ཆོས་བརྒྱུད་དང་བཅས་པའི་སྲུང་མ་ངས་བྱེད་དོ། །ཞེས་ཞལ་གྱིས་བཞེས་འདུག་པ་ནས། ད་ལྟ་བདག་ལྟ་བུའི་རྗེས་སུ་འབྲངས་ནས་ལུགས་གཉིས་ཀྱི་དཔལ་རྒྱུན་གོང་འཕེལ་དུ་རྒྱས་པའི་འཕྲིན་ལས་ཡང་དག་མཛད་པ་འདི་ཡིན། དེ་ནས་སླར་འབྲུ་དགོན་པར་ཕེབས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས་ཕུང་པོ་ལྷག་མ་མེད་པའི་ཆོས་ཀྱི་སྐུ་སྐྱེ་བ་དེ་ཉིད་ལ་བརྙེས་སོ། །དེའི་རྗེས་སུ་སྐུ་མཆེད་ཚང་མས་སྒྲུབ་པ་ཁོ་ན་ལྷུར་མཛད། དེའི་ནང་ནས་ཀྱང་སྐུ་ཆེ་བས་རྒྱལ་ཁང་རང་དུ་སྐུ་རིམ་ཕུག་པ་ཁོ་ན་མཛད། འབྲུ་དགོན་པ་ནས་ཞབས་ས་ལ་མ་རེག་པར་བྱ་ལྟར་ཡར་ཕེབས་མར་ཕེབས་གནང༌། ཐང་ཅིག་ཙམ་ན་ཆོས་སྡིངས་དགོན་པའི་ལ་ཁ་དེ་ན་ཕ་བོང་ཆེན་པོ་ཞིག་འདུག་པ་དེ་བྱིས་པ་རྣམས་ཀྱིས་ཡུར་བའི་འདམ་ལ་རྩེད་མོ་བྱས་པ་ལྟར་བརྫིས་ནས་ད་ལྟའི་བར་དུ་ཡང་ཞབས་རྗེས་ལེགས་དོད་ཀྱི་དཔེ་ཐུབ་པ་འཇོག་པ་གནང་འདུག་པ་དང༌། དེས་མཚོན་པའི་གྲུབ་པའི་མཚན་མ་བསམ་པའི་ར་བ་ལས་འདས། གཞན་ཡང་རྒྱལ་ཁང་གི་མགོན་ཁང༌། ཆོས་རྒྱལ་འཕགས་པ་ནས་བཟུང་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་རིམ་པས་ཡེ་ཤེས་པ་ཡང་ཡང་དུ་སྤྱན་དྲངས་པའི་མེ་ཏོག་གི་ཆར་བབ་པའི་མགོན་ཁང་དུ་རྒྱུན་གྱི་ཐུགས་དམ་བསྐང་གསོ་སོགས་ལ་བཞུགས་སྐབས། རྒྱལ་མཁར་རྩེ་ནས་དམག་དཔུང་སྟོབས་ཤིན་ཏུ་ཆེ་བས་རྒྱལ་ཁང་ཡང་འཆོར་ལ་ཉེ་བར་ཐུག །གཞན་རང་ཕྱོགས་ནས་ཐབས་བྱེད་མི་ནི་ཅི་ཡང་མེད། མགོན་ཁང་ནས་རྗེ་ཉིད་ཀྱི་ཐུགས་དམ་མཚན་ལྟས་སོགས་ཀྱིས་དགོངས། དམག་བཟློག་ལ་དམིགས་པའི་གཏོར་