R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༥༨
[A:༡༥༨] སྤྲང་པོ་རྒྱལ་ཁམས་མྱུལ་བའི་བདེ་སྡུག་གི་གཏམ་སྨྲ་བའི་ཁ་སུས་ཀྱང་འགེགས་པར་མི་ནུས་པས། དེ་བརྗོད་པ་ལ་དགའ་བ་ཡོད་ནའང་ཡོད་མི་དགའ་བ་ཡོད་ནའང་ཡོད། བླང་དོར་དང་བྲལ་བའི་བཏང་སྙོམས་པ་ཡོད་ནའང་ལེགས་མོད། དེ་ལ་ཕྱི་ལྟར་ན་རྒྱལ་ཁམས་ཀྱི་སྤྲང་པོ་ཕྱི་ནང་གི་སྐྱེ་བོ་ཀུན་གྱི་བླུན་པོའི་ངོས་འཛིན་རང་ཡང་དེའི་ཁུར་བཞེས་ལ་གནས་པའི་སེར་གཟུགས། ནང་ལྟར་ན་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་གསར་རྙིང་མ་ལུས་པའི་བང་མཛོད། བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་རྣམས་སྲིད་མཐར་རྒྱས་པར་བྱེད་པའི་རིག་པ་འཛིན་པའི་དཔའ་བོ། གསང་བ་ལྟར་ན་རྗེ་བཙུན་རྡོ་རྗེ་འཆང་རྩོད་དུས་ཀྱི་རྒྱལ་བ་གཉིས་པ་གནས་གསར་ཆོས་རྗེ་ཞེས་གྲགས་པ། དོན་ལ་འཇམ་པའི་དབྱངས་དང་གཉིས་སུ་མེད་པ་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་ལས་སྐྱེས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཕྱི་ནང་གི་གདམས་པ་རྒྱ་མཚོ་ལྟ་བུ་དང༌། དཔལ་ལྡན་ས་སྐྱ་པའི་རྗེ་བཙུན་གོང་མ་ཡབ་སྲས་རྣམས་ཀྱི་སྙན་དང་ཞལ་ནས་བརྒྱུད་པའི་བསྟན་པ་རིན་པོ་ཆེའི་ཡང་སྙིང་ངེད་རང་དཔལ་ཁའུ་བྲག་རྫོང་པའི་སྙན་བརྒྱུད་སློབ་བཤད་ཐུན་མོང་མ་ཡིན་པའི་བསྟན་པ་དྲི་མ་མེད་པ་གསང་ཆེན་ཟབ་མོའི་གདམས་པ་ཟབ་པ་ལས་ཆེས་ཟབ་པའི་སྙན་བརྒྱུད་མེད་དུ་མི་རུང་བའི་སྦས་དོན་ཡིད་བཞིན་ནོར་བུ་རྣམས་ཀྱི་ཁ་ལོ་སྒྱུར་བའི་རྒྱལ་ཚབ། རིས་མེད་ཕྱོགས་འཛིན་དང་བྲལ་བའི་ཨ་ཝ་དྷཱུ་ཏཱིའ་པའི་བཙུན་པ་བྷུ་སུ་ཀུའི་ངོ་མཚར་གྱི་གཏམ་གླེང་བ་ལ་གསུམ་སྟེ། རིགས་རུས་ཆོ་འབྲང་དང་ལྡན་པའི་སྒོ་ནས་ཆོས་སྐུ་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་བསྟན་ཚུལ། འཁོར་བ་འདི་ཚེར་དོང་དུ་ཉལ་བ་ལྟར་གང་དུའང་བདེ་བའི་གོ་སྐབས་མི་འདུག་