R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༤༡
[A:༢༤༡]ཞུས་པས་མ་གྲོལ་དེ་ལྟར་བྱེད་ན་ཐེག་མཆོག་གླིང་དུ་སྡོད་གསུང་བ་ལ། བདག་སྤུན་གཉིས་ཀྱི་ཆས་སོགས་སྒོར་མ་ནས་དཀའ་བའི་གནས་སུ་འདུག་པས་མི་ནུས་ཚིག་སྦྱངས་ཞུས། དེ་རྟིང་སླར་ཡང་གོང་ལྟར་ཞུས་པས་ང་སྡེ་སྲིད་ཅིག་གིས་མི་གཉིས་ཀྱི་ལྟོ་གོས་རང་འབྱོར་ཡོང་གསུང་བཀའ་དྲིན་སྩལ་ཀྱང༌། དོན་ལ་ནུ་བོ་དེ་ལུགས་གཉིས་གང་ལའང་རྩི་མེད་བླང་དོར་དང་བྲལ་བ་ཞིག་འདུག་པས། ཕུགས་སུ་རང་ཡང་བྱེད་དཀར་སོང་དོགས་ནན་གྲོལ་ཞུས། དེ་སྐབས་ལྷ་ས་ནས་ཕེབས་འདུག་པས་ཚ་ཞང་བཀའ་གྲོས་མཛད། ལྷ་ས་དགོན་པ་བྱེད་དགོས་ཚུལ་ཕེབས་ཀྱང་སྙིགས་དུས་ཀྱི་བླ་གཟུགས་ཀྱིས་དམྱལ་བའི་རྒྱུ་སྒྲུབ་པ་ལས་མི་འདུག་པས། དེ་ཕྱིན་ལྟོ་ཕྱི་གང་ཕྱིད་བྱས་སྣང་ཟོས་གང་བདེ་དགའ་སྙམ་གནང་བ་ཞུས་པས་མ་གྲོལ། འོན་ཀྱང་དཔོན་ཁང་དུ་སྡོད་པ་ལས་གང་ཡང་དྲག་བསམ་ཁས་བླངས། ལྷ་ས་ནས་བསུ་མི་གནང་བྱུང་བས་ཕྱིན། སྡེ་སྲིད་བཀའ་ལུང་དང༌། ལྷ་ས་ནས་རྣམ་དཔྱོད་འཇམ་དབྱངས་ལ་འགྲན་བརྡོ་བའི་དགོངས་པས་ཕྱི་ནང་གི་ལེགས་ཚོགས་སྤེལ་བའི་སླད་དུ་ཟླ་བ་གཉིས་པའི་ཚེས་བཅུ་གཅིག་ལ་རྒྱལ་དང་ཕུར་བུ་འཛོམ་པའི་ཉིན་པར་གཡག་མི་ཕམ་བླ་མའི་གདན་ས་ནོར་བུ་ཆོས་ལུང་གི་ཁྲི་ལ་བཀོད། མང་ཇ་དང་ཁྲི་སྟོན་སོགས་བཟབས་མ་གནང༌། གཞན་ཡང་སྐྱ་སེར་ཀུན་གྱི་ཁྲོད་ནི་དཔལ་འབྱོར་ལེགས་ཚོགས་རྒྱས་པར་སྤེལ་བ་སོགས་ཡང་དག་བྱུང༌། ལྷ་ས་ནས་ཀྱི་སྡེ་སྲིད་འཇིགས་བྲལ་དཀོན་མཆོག་རྒྱལ་མཚན་བཞུགས་པ་དང་མཇལ། ཉོན་མོངས་རང་གྲོལ་ལ་སོགས་པའི་གསུང་གི་བདུད་རྩི་མང་དག་