R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༤༢
[A:༢༤༢]བཀའ་དྲིན་བསྐྱངས། བཙུན་ཁྲལ་ཞིག་གནང་འདུག་པས་དམ་པ་དེ་ཉིད་ཀྱི་མཁན་པོ་དང༌། བདག་གིས་ལས་སློབ་བྱས་ཏེ་ཞག་གྲངས་ཉི་ཤུ་བགྲངས་པ་ལ་བར་མ་དགེ་ཚུལ་གྱི་སྡོམ་པ་ཕོག །བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྨོན་པ་རྒྱ་ཆེར་སྒྲུབ་ཅིང་དར་རྒྱས་ཀྱི་འགོ་བཙུགས་པ་ཡིན་ནོ། །དེ་ནས་ང་གཉིས་པ་སྟག་ལོ་ཆོས་ལུང་དུ་ཀྱེ་རྡོར་གྱི་དབང་དང་མགོན་པོའི་ཕྱི་ནང་གི་རྗེས་གནང་ཐུན་མོང་བ་སོགས་འདོད་ཆོས་ཞུ་བ་མང་པོའི་རེ་བ་བསྐང༌། སྡེ་པའི་བན་ཚང་པ་ཞེས་སྐད་ཀྱི་འབྱོན་པ་ཀུ་རུ་དང་མཉམ་པ་རྟགས་སུ་བཀོད་པ་ལ་རྔམ་སེམས་མེ་ལྟར་འབར་བ་ཆུ་ནང་གི་རྡོ་བཞིན་དུ་གནས་པ་རྣམས་ཀྱི་ཁྲོད་དུ། སྡེ་པའི་སྐུ་རིམ་ལ་མི་མཐུན་བཞིན་དུ་མགོན་པོའི་གཏོར་བཟློག་ཅིག་བྱས། འདིའི་གཏོར་བཟློག་གི་གཞུང་དང་བླ་མ་མཁས་པ་མཚན་ཉིད་དང་ལྡན་པ་རྣམས་ཀྱི་ཞལ་ཤེས་བརྒྱུད་ལྡན་རྣམས་ཀྱི་ཕྱག་བཞེས་མཐོང་བརྒྱུད་དང་བཅས་པ་ལ། ཟོར་གཏོར་ཟུར་གསུམ་པར་བྱས་ཏེ་དེ་མཐུན་སྐྱེད་ཆོག་སོགས་ཟངས་གྲི་ཅན་ལ་བྱེད་ལ། དེ་རྣམས་མི་ལྡན་པའི་ཕྱིར་ཕྱག་ལེན་གྱ་ཚོམ་དང་རོལ་མོའི་འུར་སྒྲ་གང་ཆེ་དང་སྐད་ཡོད་པ་གཙོ་བོར་བྱས་པའི་རྒྱུ་མཚན་མཛད་པ་རྣམས་དང་སྟབས་ཅིག་ཏུ་བྱས་ཏེ་པུ་ཏྲའི་རྟག་གཏོར་དེ་ཉིད་འཕངས་པས། སྐྱེས་པ་རྩལ་ཆེན་གྱིས་མདའ་འཕངས་པ་ལྟར་མིག་གིས་མཐོང་ཙམ་དུ་སོང༌། །དེ་ནས་ཀྱང་མེ་དཔུང་རི་ཀླུང་ཀུན་གསལ་བ་ལྟ་བུའི་འོད་དང་བཅས་ནས་སོང་བས། དེར་ཡོད་པ་རྣམས་འདི་ལྟ་བུ་ནི་ངེས་པར་མགོན་པོ་འགྲུབ་པའི་རྟགས་ཞིང་བཅུ་སྒྲོལ་བ་ལ་གཅིག་ཏུ་དཔའ་བ་ཡིན་པ་འདུག་ཟེར་བདག་ལ་ཡང་ད་སྔ་ཅི་ཡང་མི་ཤེས་ཤིང་རོ་ཟ་བ་དང་