[A:༢༤༣]ཆོས་བརྒྱད་སློབ་དཔོན་མན་པ་མེད་ཀྱང༌། དེ་ནས་ཅུང་དྲག་ཏུ་སོང་མོད། འོན་ཀྱང་དེ་ཕྱོགས་ན་ཆོས་འདོད་ཀྱི་གང་ཟག་ནི་ཉིན་མོའི་སྐར་མ་ཙམ་དུ་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་དགོན་པ་ས་བཟང་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་དམར་འཁྲིད་ཚེམ་བུ་ལུགས་ཟླ་བ་ཙམ་བསྐྱངས། དེར་བཙུན་མ་ཁ་རེ་ལ་འཁྲིད་ཀྱི་སྐབས་བསྙེན་རྟགས་བྱུང་བ་ཡང་མང་པོ་དང༌། ལྷག་པར་བྱིས་པ་ལོ་བཅུ་གཅིག་འགྲོ་བ་ཞིག་འདུག་པ་དེ་ཉིན་རེ་བཞིན་ཆོས་རར་ཡོང་གིན་འདུག །ངོ་སྤྲོད་ཀྱི་སྐབས་ན་མར་ལ་སླེབ་པའི་དུས་སུ་སེམས་ཀྱི་ཁ་དོག་དང་འགྲོ་འོང་གནས་ཚུལ་དྲིས་པས་འཁྲིད་པ་རྣམས་ལ་སྨྲ་བའི་ཡུལ་དང་བྲལ་ནས་མི་འདུག །བྱིས་པ་ཁོ་ན་རེ་སེམས་ནི་ཁ་དོག་དཀར་པོའོ་ཟེར། གང་ན་གནས་བྱས་པས་རེས་འགའ་ནི་ཕ་མའི་རྩར་སླེབ་འ་མོ་འདི་རུ་སྡོད་ཀྱིན་འདུག །སྡོད་ལུགས་ཇི་ལྟར་བྱེད་ཀྱིན་འདུག་བྱས་པས། བླ་མ་རང་ཟེར་བ་ལྟར་ཧད་དེ་ཆོད་དེ་སྡོད་ཀྱིན་འདུག་ཟེར་བཞད་གད་ཐེག་པ་བྱུང༌། གང་ལྟར་བྱིས་པ་དེ་ཉིད་ལ་ཉམས་རྟོགས་མང་པོ་བྱུང་འདུག་པས་ཡ་མཚན་ཆེ་སྟེ་ལམ་འདི་ལ་སྐྱེ་བ་སྔོན་ནས་སྦྱངས་པའི་ལས་འཕྲོ་ཅན་ཞིག་ཡིན་པ་འདུག་པས་སྐྱེ་བ་འདི་ཉིད་སྔོན་ལས་ཕྲན་བུ་མ་ཟད་པས་བླངས་འདུག །དེ་ནས་ཡུན་དུ་མ་སོང་བར་རུས་པ་ལ་འཇའ་དཀར་པོ་དང་བཅས་པོ་ཏ་ལར་བཞུད་དོ། །སྒྲུབ་སྡེ་དེར་ཉོན་མོངས་རང་གྲོལ་གྱི་སྒྲུབ་མཆོད་ཀྱི་དགེ་རྒྱུན་བཙུགས་ད་ལྟའི་བར་དུའང་རྒྱུན་མ་ནུབ་པར་ཡོད། དེ་ནས་རྗེ་བཙུན་པདྨ་རྒྱལ་པོ་དབུས་ནས་ངམ་རིང་ལ་ཕེབས་ལཾ་ལྷ་སར་སྤྱན་འདྲེན་ཞུ་བ་གནང༌། བདག་གིས་ཀྱང་ཡང་ཏིག་