R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༤༤
[A:༢༤༤]གཅེས་སྒྲོན་གྱི་འཁྲིད་ཐུགས་སྒྲུབ་འབྲིང་པོའི་དབང་སོགས་གསུང་གི་བདུད་རྩི་ཇི་སྙེད་དང༌། དགེར་གྱི་བརྟག་གཉིས་དང་མཚན་བརྗོད་སྔ་འགྱུར་གྱི་ལུང་སོགས་འདོད་ཞུས་མང་པོ་བཀའ་དྲིན་བསྐྱང༌། དེ་ནས་ཕེབས་དུས་བཀའ་ལུང་ལ་འདིར་སྣང་གི་བྱ་བ་ཐམས་ཅད་ཆུ་ཤིང་གི་སྙིང་པོ་ལྟར་ངེས་པར་མཛོད། དགེ་སྦྱོར་གང་འཕེལ་དང་བསྟན་པ་ལ་གང་ཕན་སེམས་ཅན་གྱི་དོན་ཅི་ནུས་གྱིས། དང་ཡང་སྔོན་གྱི་སྨོན་ལམ་གྱི་དབང་གི་བཀྲ་ཤིས་སྟོབས་རྒྱས་པ་ལ་ཕུང་པོ་འདི་སྤྲོད་དགོས་པ་ཡོད་པས་འཆི་བ་ལ་འགྲོ་གསུང༌། བཀའ་ལུང་ཡང་ལ་བརྗེད་པ་མེད་པ་འགའ་ཞིག་ཕེབས་བྱུང་བས་བདག་གིས་ཕྱག་བཙལ་ཏེ་དེ་ལྟ་བུའི་བཀའ་ལུང་མི་ཕེབས་པ་དགོས། བསྟན་པ་ཉམས་དམའ་བ་དང་སེམས་ཅན་སྡུག་པའི་དུས་བསྟན་འཛིན་གྱི་སྐྱེས་བུ་རྣམས་བསྟན་དང་སྐྱེ་འགྲོའི་དོན་ལ་དགོངས་ནས་ཞབས་པད་བརྟན་དགོས་ཞུས་པས། ཁྱོད་བློ་མ་འཆི་ད་ལོ་ཅི་ལ་ཐུག་ཀྱང་འགྲོ་གསུང་གསོལ་བ་མ་ཐེབས། སྡེ་སྲིད་ལ་ཡང་ལེགས་ཉེས་ཀྱི་ལུང་བསྟན་མང་པོ་གནང་གིན་འདུག་ལྷག་པར་ལྷ་ས་ནས་ལ་ཁྱོད་ཀྱི་དབོན་པོ་འདི་ལ་རང་གི་རྣམ་ཤེས་ལ་རང་དབང་འདུས་པ་ཞིག་མི་འདུག་པས། ལུགས་གཉིས་སྒོར་མ་ནས་ཁྱོད་རང་ཡང་བྱེད་ལུགས་མཛོད་གསུང་ཕྱི་མོའི་ཞལ་ཏ་མང་པོ་ཕེབས། ངམ་རིང་དུ་ཟླ་བ་བརྒྱད་པའི་ཉེར་གསུམ་ལ་ཨྱོན་མཁའ་འགྲོའི་གླིང་དུ་བྱོན། ཨུ་དུམ་ཝཱ་ར་ལྟར་དཀོན་པའི་སྐུ་གདུང་རིན་པོ་ཆེ་དེ་ཉིད་སྡེ་སྲིད་ལ་བཞག །ཐུགས་རྗེའི་གཟིགས་པ་རྒྱུན་མི་ཆད་དུ་ཡོད་པས་གསོལ་བ་སྙིང་ནས་བཏབ། ལར་བོད་འབངས་སྡུག་བསྔལ་གྱི་ཉེན་དུས་དམ་པ་དེ་ལྟ་བུ་མ་བཞུགས་པས་སེམས་ཅན་