R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༤༨
[A:༢༤༨]གསང་གསུམ་ཡོངས་རྫོགས་ཕུལ། དེ་གྲོལ་འཕྲལ་དོན་དུ་གཉེར་བ་ཁ་ཡར་ལ་གསང་འཁྲིད་ཐུན་མོང་མ་ཡིན་པ་ཟླ་བ་ལྷག་ཙམ་ཕུལ། དེ་གཉིས་ཅར་ལ་རྗེས་གནང་ལུང་སོགས་ཟུང་འཇུག་ཏུ་བྱས། བརྒྱུད་པ་འདི་པའི་བགྲོས་ལ་འཁྲིད་གྲོལ་བ་དང་སྒྲུབ་སྐོར་སོགས་ཡི་གེའི་ལུང་རྫོགས་པ་མཉམ་དུ་མཛད་པས་དེ་ལྟར་བྱས་པས་གེགས་མེད་དུ་གྲོལ། ཚོགས་ཀྱི་འཁོར་ལོ་རྒྱས་པར་སྤེལ་ཟང་ཟིང་གི་སྟེར་སྦྱིན་ཡང་ཕུལ་དུ་ཕྱིན་པ་བྱུང༌། སྔོན་གྱི་སྨོན་ལམ་གྱི་དབང་དང་ལྷག་པར་དཔལ་སྦུག་ཏུ་གསུང་ངག་གནང་སྐབས་ཡབ་སྲས་ལྷན་དུ་ལུང་བསྟན་ལ། ངེད་རང་ཚོའི་བརྒྱུད་པ་འདི་ལ་ཆོས་རྗེ་ཀརྨ་པ་འདི་པས། ཆོས་རྗེ་འབྲུ་པ་འདི་ཕན་ཐོགས་ཆེ་བ་ཡོང་འདུག་གསུང་པ་ལུང་བསྟན་ལྟར་ན་རྗེ་བླ་མའི་བསྟན་པ་ལ་ཕན་ཐོགས་ཨེ་ཡོང་སྙམ་གསུང་ལས་ཇི་ལྟར་བྱོན་པ་རྣམས་གང་ཟིན་ལན་སྤྲོད་པའི་ཚུལ་དུ་ཕུལ། དེ་ནས་ཆོས་ལུང་དུ་ཕྱིན། རང་ལོ་ང་བཞི་པ་འབྲུག་ལོ་ལྷ་ས་རྫོང་བྱང་པའི་ཕྱག་ཏུ་བྱུང༌། སྐྱ་སེར་ཀུན་གྱི་མགོ་བཅུན་བྱས་ཕྱག་འབུལ་ལ་ཕྱིན། དགོན་པ་རྩིས་བཞེས་གནང་དགོས་ནན་ཞུས་ཕུལ་ཀྱང་ལེན་དུ་མ་བདེ་བར་མ་གནང༌། དབྱར་ཐོག་ཆོས་ལུང་དུ་ཆོས་ལྡན་གྱི་བྱ་བ་གོང་འཕེལ་བྱས་བསྡད། དེའི་སྟོན་ཀ་ཟླ་བ་བཅུ་པ་ལ་འདར་ལ་ཡོངས། དཔལ་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་ཉེ་བར་བརྟེན་པའི་གནས་རི་ཁྲོད་ཀུན་གྱི་ཡང་རྩེ་ཤིང་མངས་དགོན་པར་ཟླ་བ་གསུམ་གྱི་བར་དམར་འཁྲིད་ཚེམ་བུ་ལུགས། རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད། དམར་པོ་སྐོར་གསུམ་སོགས་འདོད་ཆོས་ཞུ་མི་མང་པོའི་རེ་བ་མཐར་ཕྱིན་པར་བསྐྱངས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱས་ནས་སོ་སོ་ནས་འགུར་མ་དང་གླུ་གར་སོགས་ཡིད་ཚིམ་པར་