R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༤༩
[A:༢༤༩]བྱས་ཆོས་དང་དགེ་སྦྱོར་གོང་འཕེལ་སྐྱིད་པའི་རང་ངོ་ཤེས་པ་ཞིག་བྱུང་བ་ཡིན་ནོ། །དེ་ནས་ཆོས་ལུང་དུ་ཕྱིན། སྦྲུལ་ལོ་ང་ལྔ་པ་དཔྱིད་ཀ་ཟླ་བ་དང་པོ་ལ་རྡོ་རྗེ་བྲག་རྫོང་མའི་འཁྲིད་ཁམས་པའི་སློབ་མ་འདྲས་གཙོས་པ་རྣམས་ལ་བྱེད་སྐབས་སྐུ་གསུང་ཐུགས་མི་འགྱུར་བའི་འཁྲིད་རྫོགས་མཚམས་སུ་སྡེ་པ་འདར་ནས་ཀྱི་རྒྱལ་པོ་སྐུ་གཞོན་པ་ཅུང་ཟད་བསྙེལ་བ་ཙམ་འདུག་པས་ཡོང་དགོས་གསུང་འབོད་མི་གནང་བྱུང་བས། ཆོས་དེ་ཡང་མཚམས་ཤིག་ཏུ་སླེབས་བྱུང་བ་དང༌། ཕན་ཐོགས་ཇི་ལྟར་ཡོང་ཀྱང་བཀའ་ནན་ཆེས་པ་ནས་ཡོངས་རྟ་ཁར་སླེབས་པ་དང་དོན་གྲུབ་དབང་ཕྱུག་ཟེར་བ་ཁོས་ཕྱག་འཚལ་བྱུང་བས་ངེས་པར་སྙུང་བ་ལ་ཕན་པ་འདུག་སྙམ་བློ་བདེ་བའི་ཚད་ཐུབ་པ་བྱས་ཡོངས། སླེབས་འཕྲལ་གཞི་མེད་དུ་དངས་པ་ཞིག་བྱུང་ཞག་ཉེར་ལྔ་རྩེར་བསྡད་དེ་ནས་བཟུང་སྟེ་ཉི་ཟླ་ཇི་སྲིད་གནས་ཀྱི་བར་དུ་མཆོད་ཡོན་ཟུང་འབྲེལ་བྱས་པ་འདི་ལགས། དེ་ནས་གྲང་ཆེན་གཙུག་ལག་གི་སྒོ་མཆོར་གྱི་གནས་སུ་ཟླ་བ་གཅིག་གི་བར་ལ་སྐུ་རིམ་ལ་དམིགས་པའི་མཚམས་བཅད་རྒྱ་ཤིན་ཏུ་དམ་པ་ཞིག་བྱས། དེ་ནས་མང་མཁར་ལ་བྱས་སྐྱིད་མོ་གཤོངས་སུ་ཞག་གཅིག་བསྡད། ཚེ་དབང་སོགས་ཀྱི་འདོད་བཞེད་བསྒྲུབས། དེ་ནས་རྗེ་བཙུན་བླ་མའི་བསྟི་གནས་རྨུ་གཤོངས་དགེ་བའི་ཚལ་གྱི་བླ་བྲང་མཇལ། རིམ་པར་ཕྱིན་སྤྲུལ་སྐུ་ལྷས་སྦྱིན་པས་གཞི་ལེན་ཡང་དག་གནང་ཚེ་དབང་གི་ཐུགས་བཞེད་བསྒྲུབས། དེ་ནས་གསང་ཆེན་དམ་པ་ཆོས་ཀྱི་ཟ་མ་ཏོག་གྲུབ་ཐོབ་རིམ་པས་བྱིན་གྱིས་བརླབས་པའི་གནས་མུ་གུ་ལུང་མཇལ། ཞག་གཅིག་རིམ་གཉིས་གང་ཡོང་གི་