[A:༢༥༠]ཉམས་ལེན་ཡིད་ཆེས་པར་བྱས། འདི་ལྟ་བུའི་གནས་སུ་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་ལམ་ཟབ་མོའི་ཉམས་ལེན་ཁོར་ཡུག་ཏུ་བྱེད་པའི་རང་དབང་ཐོབ་པ་ཕ་ཚར་ཆེན་ཡབ་སྲས་ལྟ་བུ་ཞིག་ནམ་ཡོང་ངམ་སྙམ་པའི་ལྷག་བསམ་ཕུལ་དུ་ཕྱིན་པ་བྱུང༌། དེ་ནས་རིམ་པར་ཆུ་ཚན་ལ་ཕྱིན། ཤར་བླ་མ་ཐུབ་བསྟན་དགེ་འཕེལ་གྱི་ལྷ་ཁང་མགོན་ཁང་སོགས་མཇལ། སྤྱི་སྒོས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་རྒྱས་པར་བྱས། རྗེ་བཙུན་ས་སྐྱ་པའི་ཕུག་ཆེན་བཞིའི་ནང་ནས་ནུབ་ཀྱི་ཕུག་པ་ཆ་ལུང་རྡོ་རྗེའི་བྲག་རྫོང་མཇལ། དེ་ནུབ་གནས་འབྲེལ་བྱས་བསྡད། དེ་ནས་ཆོས་ལུང་དུ་ཕྱིན་སྣང་ཟོས་གང་བདེ་བྱས་བསྡད། སླར་འདར་ལ་ཤོག་གསུངས་ནས་ཡོངས། སྡེ་པ་རྒྱལ་པོ་རྣམས་ཀྱི་བླ་མ་བྱེད་དགོས་གསུང༌། དེ་འདྲ་ཡོང་བའི་ཤེས་བྱ་དང་མཐུ་སྟོབས་གང་ཡང་མེད། སྡེ་པ་ཚོ་སྔར་ཕན་ཡོངས་འཛིན་གཞན་དང་མི་འདྲ་བའི་གྲུབ་ཐོབ་སླུ་མེད་ཀྱང་གི་ཞལ་སློབ་ཏུ་སོང་བ་དང༌། ལྷག་པར་དུས་གསུམ་རྒྱལ་བའི་སྤྱི་གཟུགས་བློ་གསལ་རྒྱ་མཚོའི་ཤུལ་དུ་བདག་ཁ་བརྡར་ལ་སྤུ་སུད་པ། སེར་སྣ་ཆེ་བ་ལགས་གཉིས་གང་ནས་ཀྱང་ཅི་ཡང་མི་ཤེས་ཤིང་རང་གར་འགྲོ་མེད་པས་དེ་འདྲ་ཡོང་བའི་ན་མ་མེད་ཞུས། ཡང་ཡང་ནན་ཆགས་ཕུལ་ཀྱང་མ་གསན་པར་བྱེད་དགོས་ཤར། གང་དུའང་འགྲོ་ས་མེད་པ་འདི་བྱས། གང་ལྟར་སྒྲོལ་དཀར་སོགས་ཐུགས་བཞེད་ཕྲན་བུ་ཕུལ། ཆོས་ལུང་ལ་ཁོར་ཙམ་ཕྱིན། དེ་ནས་དཔལ་འབྱོར་རབ་བརྟན་ཏུ་རྒྱལ་པོ་སྐུ་གཞོན་པས་ཟླ་བ་གཅིག་མཚམས་བཅད་རྒྱ་ཤིན་ཏུ་དམ་པར་བྱས་པའི་བསྙེན་རྒྱབ་བྱས། དེ་བར་ལ་སྤྱན་རས་གཟིགས་ཀྱི་དམར་འཁྲིད་ཚེམས་བུ་ལུགས་དཔོན་ས་ཆོས་མཛད་མ་ཉིད་ཀྱིས་