R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༥༡
[A:༢༥༡]གཙོས་ཁ་རེ་ལ་སྨིན་རྒྱས་སུ་ཕུལ། དེ་རྣམས་གེགས་མེད་དུ་མཐར་ཕྱིན། དེ་ནས་རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་རིང་བསྲེལ་ཕུང་པོ་གསེར་གདུང་རིན་པོ་ཆེའི་ཞལ་བཀོད་གནང༌། བདག་ལ་བར་ཆད་ཞི་ཕྱིར་སྲུང་འཁོར་དང་ལྷག་པར་རྒྱུ་དང་ཟངས་བཟོ་བ་རྣམས་ལ་བགེགས་སྐྲོད་དང་བསྐྱེད་ཆོག་བྱེད་དགོས་གསུང༌། བླ་མ་དྲག་པོར་ལངས་ནས་བྱས་པས་བར་ཆད་ཀྱི་མཚན་མས་གླགས་བལྟ་བར་ག་ལ་ནུས་རྒྱང་གྲགས་ཚུན་ལ་བཀྲ་ཤིས་མངའ་གསོལ་མ་གྲུབ་པར་ལ་ཉེས་པའི་གོ་སྐབས་བྲལ། ལར་བླ་མ་དམ་པའི་ཐུགས་རྗེ་ལས་གནད་དུ་མི་འགྲོ་བ་བྱུང་དོགས་མེད་མོད། འོན་ཀྱང་སྲུང་འཁོར་ཆེར་གཏད་ནན་བསྐྱེད་དེ་སྒོམ་པ་དང་ཉིན་མཚན་དལ་མེད་དྲག་སྔགས་རྒྱུན་ཆད་མེད་པར་བཟླས། ཟླ་བ་དྲུག་གི་ཁོངས་སུ་ཡོངས་སུ་རྫོགས་ཏེ་རིན་པོ་ཆེའི་གདུང་ཉིད་མཆོད་རྟེན་དུ་སྤྱན་དྲངས་པའི་ཡེ་ཤེས་ཕྱིར་འབྲང་གི་བགེགས་སྐྲོད་འཇམ་དཔལ་ཞལ་དགུ་པར་ལངས་ཏེ་བྱས་པས་བདུད་རིགས་ཀྱི་ཚོགས་ཐམས་ཅད་བྱེར་ཞིང་དེར་ཚོགས་པ་ཀུན་ཀྱང་སྤུ་ཟིང་བྱེད་པ་མང་དག་བྱུང་འདུག་མཆོད་སྟེགས་སུ་ཕེབས་པ་དང་མཆོད་པ་དང་སྐུ་ཁྲུས་འབུལ་བ་སོགས་རྒྱས་པར་བྱས། པཉྩ་ལི་ཀ་སྣམ་ཆར་གྱི་གྲྭ་སྦུགས་ནས་གཉིས་མེད་ཀྱི་ཡེ་ཤེས་ལ་ཁ་དོག་མེད་ཀྱང་བདུད་རྩི་ཤེལ་དཀར་གྱི་གོང་བུ་གཅིག་ཏུ་བྱས་པ་ཚུལ་ཁྲིམས་ཀྱི་ཕུང་པོ་གོང་འཕེལ་དང་དྲི་བསུང་ཕྱོགས་བཅུར་འཕྲོ་བའི་སྤོས་དཀར་གྱི་རྡོག་མ་བདག་གི་འཕང་དུ་གནང་བྱུང་བས་སྒྲིབ་མེད་ཡེ་ཤེས་ཀྱི་ཐུགས་རྗེ་རྒྱུན་འཆད་མི་མངའ་བ་ལགས་སོ། །དེ་ལྟར་རྒྱུ་རིན་པོ་ཆེ་གསེར་ལས་གྲུབ་པའི་གནོད་སྦྱིན་ཕོ་མོའི་འཁོར་ལོ་སྒྲུབ་པ་ཟླ་བ་ཙམ་བྱས་རྒྱུད་