[A:༣༥༠]སྤྱན་དམིགས། བགེགས་སྐྲོད་སོགས་མཛད་པས་ཕན་པ་མཆོག་ཏུ་གྱུར། ཁྱད་པར་སྡེ་པ་འདུལ་ལགས་དང༌། ཆོས་ལགས་ངག་དབང་ལགས་གཉིས་ནི་མི་ཕྱེད་པའི་དད་ལྡན་ཆེན་པོར་གྱུར། ཕྱིས་ནས་ཀྱང་ཆིབས་དྲེའུ་གར་ཕེབས་ཀྱི་ཕྱག་གཡོག་སོགས་ཞབས་ཏོག་ཐམས་ཅད་སྡེ་པ་འདར་ནས་ཚོ་རང་གིས་སྦྱིན་བདག་གི་གཙོ་བོར་མཛད་པ་ཞིག་འདུག །ཟིལ་གནོན་ཞེས་པ་མེ་ཕོ་རྟ་ལོ་དགུང་ལོ་སོ་ལྔ་པ་ལ་བསམ་འགྲུབ་དགོན་གསར་དུ་སྐྱེས་ཆེན་དམ་པ་བརྒྱུད་འཛིན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་གྱི་གདན་ཁྲིར་ཞབས་སེན་འཁོད་པར་མཛད་དེ། དེ་ནས་བཟུང་དགུང་ལོ་བདུན་ཅུ་བར་ཕེབས་པའི་ཞིང་ནམ་བརྗེའི་བར་དེའི་ཞལ་བདག་མཛད། སྒྲུབ་མཆོད་རྙིང་པ་ཁ་གསོ། གསར་པ་འཛུགས་པ་སོགས་དུ་མ་དང༌། ལམ་འབྲས་ཐོག་མ་ཕུར་བུ་ཞེས་པས་ཕོ་སྤྲེལ་ལོ་དགུང་ལོ་སོ་བདུན་པར་འདི་ཉིད་དུ་གསུངས་པ་ནས་བཟུང་ཚར་བཞི་དགོན་གསར་འདིར་གནང་ཞིང༌། བཤད་སྒྲུབ་ཀྱི་འཕྲིན་ལས་སྐྱོང་བའི་སྔ་ཐོག་གི་བཞུགས་སའི་མཐིལ་ཡང་འདིར་མཛད། རྗེ་བཙུན་རིན་པོ་ཆེའི་སྐུ་བྱིན་རླབས་ཅན་བཞུགས་པའི་ལམ་འབྲས་ལྷ་ཁང་འདི་ཡང་ཕྱིས་ཞལ་བཀོད་མཛད་པ་སོགས་དགོན་པ་འདི་ལ་ཤིན་ཏུ་བཀའ་དྲིན་ཆེ་བ་ཡིན་ནོ། །དེའི་སྐབས་སྔ་ཐོག་གཡས་རུ་བྱང་ནས་ཞང་པོའི་དྲུང་ཆོས་ཀྱི་རྒྱལ་པོ་དེ་མཁྱེན་པའི་སྤྱན་རས་གསལ་ཞིང༌། བསྟན་པ་ལ་གཅེས་སྤྲས་ཞབས་འདེགས་སྤྱི་དང་མི་འདྲ་བའི་མཛད་པ་བྱུང་འདུག་པའི་སྤྱིར་དགེ་བའི་བཤེས་གཉེན་མཐའ་དག་ལ་ཐུགས་མཐོང་ཆེ་བ་དང༌། བཞུགས་གྲལ་གྱི་རིམ་པ་ཡང་རྒྱུན་དུ་ཆོས་ཀྱི་དོགས་དཔྱོད་གསུང་གླེང་