[A:༣༤༩]ལ་ཟིན་བྲིས་གནང་བའི་ཡིག་ཆ་ཡང་དག་པའི་རྒྱུན་མང་དུ་ཡོད་ཅིང༌། ཁྱད་པར་རྡོ་རྗེ་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་གྱི་སྐབས་བླ་མ་དེ་ཉིད་ལ་འཇམ་དཔལ་དངོས་ཀྱི་འདུ་ཤེས་བྱུང་བ་ནས། གསུང་རབ་གང་ལ་ཡང་བློ་གྲོས་སྤོབས་པ་གཞན་དང་མི་འདྲ་བ་ཞིག་བྱུང་གསུང་འདུག་པའང་ཐོས་ལ། སྔགས་འཆང་དེ་ཉིད་བཀའ་དྲིན་ཆེ་བའི་བླ་མ་མཆོག་ཏུ་མཛད་དོ། །དགུང་ལོ་སུམ་ཅུ་པའི་སྟེང་སློབ་དཔོན་དུ་ཕེབས་ལོ་ཐུབ་བསྟན་མཁན་ཆེན་ལུང་རིགས་སྨྲ་བའི་དབང་ཕྱུག་བསྟན་པའི་དཔལ་ཡོན་བཟང་པོ་ཅན་དེའི་དྲུང་དུ་གསུང་ངག་ལམ་འབྲས་མཁན་ཆེན་རང་གིས་སྤྱན་སྔ་རྗེ་ལ་ཇི་ལྟར་གསན་པ་བཞིན་མགོན་རྐྱང་གི་རྗེས་གནང་ཚུན་དཔལ་ལྡན་ངོར་པའི་ཕྱག་ལེན་སྒྲ་ཇི་བཞིན་གསན་ཅིང༌། དེ་སྐབས་ཟིན་བྲིས་གནང་བའི་སྔོན་འགྲོ་ཆོས་ཀྱི་བྱུང་ཁུང་སོགས་ཀྱི་རྣམ་གཞག །དམ་ཚིག་གི་བཤད་པ། རྡོ་རྗེ་ཚིག་རྐང་གི་རྣམ་བཤད་སོགས་ཡིག་ཆ་ཡང་དག་པ་དུ་མ་ཡང་གནང་ལ། བསྙེན་པར་རྫོགས་ས་ཡང་མཁན་ཆེན་འདི་ག་ཡིན་པ་དང༌། སྔ་ཕྱིར་བཀའ་དྲིན་ཆེ་བས་འདྲེན་པ་མཆོག་ཅིག་འདི་ལ་མཛད་དོ། །དེའི་སྐབས་རྣམས་སུ་རྡོ་རྗེ་སློབ་དཔོན་གྱི་ལས་སུ་རུང་བའི་གཞི་བསྙེན། ཀུན་རིག་སོགས་གྲངས་དང་མཚན་མའི་གསུང་བསྙེན་སོ་སོ་ཡང་སྐབས་དང་སྐབས་སུ་ཡང་གནང་ཞིང༌། དེ་ནས་འདར་རྣམ་རྒྱལ་སྟག་རྩེར་ཞལ་ངོ་རྣམས་ཀྱི་དབུ་བླར་བཞེས་ཏེ། དད་གུས་ཞབས་ཏོག་ཕུལ་ཕྱིན་སྦྱིན་བདག་མཐིལ་མཛད། སྡེ་པ་སོ་སོར་རྒྱལ་པོའི་ཞུད་ཁ་བྱུང་བ་ལའང་དམ་པ་འདིའི་ལྗགས་མཆིལ་