[A:༣༥༡]བསྟན་པ་རིན་པོ་ཆེ་འཕེལ་རྒྱས་སུ་འགྱུར་ངེས་ཀྱང་ཡོང་གིན་ཡོང་འདུག་པའི་སྐབས་སུ། དམ་པ་འདི་ཉིད་ཀྱིས་བཞུགས་གྲལ་སོ་སོར་ཆོས་ཚུལ་མཐའ་ཡས་པ་ལ་ལུང་རིགས་གྱི་བགྲོ་གླེང་དལ་བྲེལ་སྙོམས་ལ་འཇེབས་ཆགས་མཐའ་ཆོད། མཁས་པ་ཐམས་ཅད་ཡིད་འཕྲོག་པ་འབའ་ཞིག་བྱུང་བ་ལ་བརྟེན། དེ་སྐབས་ཀྱི་རབ་ཏུ་བྱུང་བ་བླ་མ་སློབ་དཔོན་བཀའ་རབ་འབྱམས་སྨྲ་བ་དང༌། ཁྱིམ་པ་པཎྜི་ཏའི་ཚོགས་ཐམས་ཅད་ཧ་ལས་ཏེ་མགྲིན་གཅིག་ཏུ་བཤད་པ་དང༌། རིགས་ལུང་གི་རྣམ་དཔྱོད་ཟེར་བ་དེ་རིན་པོ་ཆེ་ངག་དབང་པའི་དེ་འདྲ་ལ་ཟེར་བ་ཡིན་ཞེས་ཀུན་གྱིས་གླེང་བ་བྱུང་འདུག་ཅིང༌། ཕྱིས་ནས་དགེ་བཤེས། དྲུང་འཁོར་བགྲེས་ཐོག་བདག་ཅག་དང་ཕྲད་པ་རྣམས་ཀྱང་དེ་ཀ་བཞིན་གླེང་མོ་བྱེད་ཀྱིན་འདུག་ལ། བྱང་ཆོས་རྒྱལ་དེས་ཤིན་ཏུ་ཐུགས་མཐོང་ཆེ་བའི་སླར་ཏི་ཤྲིར་བཞེས་རྩིས་ཀྱི་དེ་སྐབས་བྱང་པ་རང་གི་ཏི་ཤྲི་དབུ་བླ་སོ་སོར་རྣམ་འདྲེན་དམ་པ་འདི་ལ་ཆོས་བཀའ་རྒྱ་གང་ཆེ་ཞུས་གསུངས་བསྐུལ་མ་གནང་བ་ལ་བརྟེན། དམ་པ་འདིས་ཀྱང་བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ་ལ་ཆོས་བཀའ་ཁ་ཡར་དང༌། ཇོ་ནང་ཐམས་ཅད་མཁྱེན་པ་རྗེ་བཙུན་ཀུན་དགའ་སྙིང་པོ་ལ་ནེ་གུའི་དམིགས་རིམ་དང༌། དབུ་མའི་ལྟ་འཁྲིད་གསན། མཁན་བྱམས་པ་བཟང་པོ་ལ་རྟ་མགྲིན་ཡང་གསང་གི་དབང་གསན། མུས་ཆེན་འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན་གྱི་དྲུང་དུ་ཀྱེ་རྡོ་རྗེ་བཀའ་བབ་བཞིའི་དབང༌། འཁོར་ལོ་སྡོམ་པ་ལོ་ནག་དྲིལ་གསུམ་གྱི་དབང་འཁྲིད་རྒྱབ་ཆོས་ཀྱི་ལུང༌། བདེ་མཆོག་དཀར་པོའི་འཁྲིད་དང་བཅས་པ་གསན་