R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༥༤
[A:༣༥༤]བཟང་པོའི་གདན་ཁྲིར་བསྐོ་གཞག་མཛད་དེ། དེ་ནས་བཟུང་ལོ་དྲུག་གི་རིང་གདན་ཁྲི་དེ་སྟེང་ནས་བློ་གསལ་འདུས་པའི་ཚོགས་ལ་སྡེ་སྣོད་ཀྱི་འཆད་ཉན་རྒྱུན་མི་ཆད་པ་སྒྲོག་པ་གནང་ཞིང༌། དེ་སྐབས་ཀྱི་སློབ་དཔོན་སྡེ་སྣོད་གསུང་རབ་ཀུན་ལ་མི་འཇིགས་པའི་སྤོབས་པ་བརྙེས་པ་འཇམ་དབྱངས་ཆོས་བཟང་དུ་གྲགས་པ་དེ་ཡིན་ཏེ། མཁན་སློབ་གཉིས་ཀ་ཐུགས་མཐུན་ལ་སྐུ་ཡོན་མཁྱེན་རབ་གཞལ་དུ་མེད་པའི་སྟོབས་ཀྱིས་ཐུབ་བསྟན་ཡངས་པ་ཅན་ཕྱིས་བྱུང་ལ་སྐབས་དེ་རང་གྲྭ་ཚོགས་ཆེ་ལ་ཐུགས་གཉེར་འཕེལ་བ་བྱུང་ཞེས་གྲག་གོ །མཁན་པོ་མཛད་རིང་གི་ངང་ནས་སྐབས་སུ་བྱང་ལྷ་རྩེར་ཐུབ་བསྟན་ཡངས་པ་ཅན་གྱི་མཁན་སློབ་ཚོགས་ཆེན་དང་བཅས་ཆོས་དབར་འདེགས་པ་གནང་སྟེ། ཚོགས་ལ་སྐབས་སུ་བབ་པའི་ཆོས་ཐོག་གི་རིམ་པ་རྣམས་ཀྱང་བློ་གསལ་འདུས་པའི་ཚོགས་དགའ་མགུ་ཡི་རང་བ་ཁོ་ ནའི་འཆད་ཉན་དང༌། རྩེར་ཆོས་རྒྱལ་ཆེན་པོའི་བཞུགས་གྲལ་སོགས་ལའང༌། ཆོས་སྡེ་གྲྭ་ཚང་མི་གཅིག་པ་དུ་མ། བླ་མ་སློབ་དཔོན་དུ་མ་དང༌། ཡངས་པ་ཅན་པ་རང་དང༌། མཉན་ཡོད་བྱ་གཤོངས། གྲྭ་ཚང་ཆེན་མོ། ཆོས་འཁོར་ལྷུན་པོ། །ཡ་ག་ཆོས་སྡིངས་སོགས་ཀྱི་དྲུང་རབ་འབྱམས། དཀའ་བཅུ་བ་སོགས་དུ་མ་དང༌། འདར་ནས་སྡེ་པ་དགྲ་འདུལ་ལགས། སྨོན་འགྲོ་དཔོན་དྲུང་སོགས་ཁྱིམ་པ་པཎྜི་ཏ་དུ་མ་འདུས་པའི་བཞུགས་གྲལ་ལན་གྲངས་དུ་མར་ཡང་གསུང་རབ་མདོ་སྔགས་མཐའ་དག་ལ་འཕེལ་གཏམ་དོགས་དཔྱོད་མང་དག་ཅིག་བྱུང་བར་ཡང་ཐམས་ཅད་ཀྱིས་འདྲེན་མཆོག་འདིའི་མཁྱེན་རབ་འཆད་ཚུལ། འཕྲལ་གྱི་མཛད་སྤྱོད་སོགས་ཐམས་ཅད་ཧ་ལས་པ་ཁོ་ན་