[A:༣༥༣]དཔོན་སློབ་རྣམས་མང་མཁར་ཆབ་ལ་ཕེབས་པར་དགོན་གསར་དུ་སྤྱན་འདྲེན་ཞུ་བར་གནང༌། གསོལ་ཚིགས་སོགས་ཀྱི་ཞབས་ཏོག་ཕུལ་ཕྱིན་པར་གནང༌། ཚེ་དབང་གྲུབ་རྒྱལ་མ། ཛམ་སེར་ནག་ཆོས་འབྲེལ་དུ་ཞུ་བར་མཛད། ཕྱིས་ཨེ་ཝཾ་དུ་བཀའ་ཆོས་ཞུ་བའི་སྙན་ཞུས་འབུལ་བ་གནང་འདུག་ཀྱང༌། ཕེབས་གྲབས་གྲུབ་པའི་ལན་གཉིས་ལ་འདར་ནས་སྡེ་པ་ཚོར་གདོན་གྱི་ཞུད་ཁ་ཐུ་མོ་བྱུང་བའི་སྒོར་བསྐྱིལ་ཞུས་པའི་ཕེབས་ནི་མ་ཐུབ་འདུག །དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཕྱིས་ཁྲོམ་དབང་གི་བརྒྱུད་རིམ་ལ་ཡང་འཇམ་དབྱངས་ཀུན་དགའ་བཀྲ་ཤིས་ཀྱི་མཚན་ངེས་པར་འཇུག་པ་གནང་ཞིང༌། བདག་ཆེན་དེ་འདྲའི་མཁྱེན་རབ་དང་རྣམ་དཔྱོད་གསུང་དད་གུས་ཤིན་ཏུ་ཆེ་བར་མཛད་དོ། །མདོར་ན་དེ་དག་གི་སྐབས་སྔ་ཕྱིར་མདོ་སྔགས་ཀྱི་གསན་པ་དང༌། མཁས་གྲུབ་བསྟེན་པ་གཙོ་བོར་གྱུར་པའི་ཐོས་བསམ་གྱི་སྒྲོ་འདོགས་དཔྱོད་ཚུལ་སྔོན་གྱི་བླ་མ་གོང་མ་འགྲན་བྲལ་རྣམས་ཀྱིས་མཛད་པ་ཇི་ལྟ་བ་བཞིན་གནང་འདུག་གོ །གཉིས་པ་དེ་དོན་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་ཚུལ་ནི། འདིས་སྔོན་ཡང་ཐོས་བསམ་དང་གཞན་དོན་ཟུང་འབྲེལ་དུ་མཛད་མོད། གཞན་དོན་གཙོ་བོར་མཛད་ཚུལ་ནི། དགུང་ལོ་སོ་དགུར་ཕེབས་པ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱི་ལོ་དབྱར་ཆོས་ཐོག་བྱང་ནས་ཆོས་རྒྱལ་ཆེན་པོས་མི་སྣ་བསྐོ་འཇའ་རྒྱས་པ་དང་བཅས་སྡེ་སྣོད་ལུང་རིགས་ཀྱི་སྒྲ་དབྱངས་ཉིན་མཚན་ཁོར་ཡུག་ཏུ་སྒྲོག་པའི་ཐུབ་བསྟན་ཡངས་པ་ཅན་གྱི་ཆོས་གྲྭ་ཆེན་པོ་རྒྱལ་བ་མུས་རབ་འབྱམས་པ་ཐུགས་རྗེ་དཔལ་