[A:༣༥༥]བྱུང་བ་དང༌། དུ་བ་ལས་ནི་མེ་ཡོད་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར་གྱི་ནང་གི་ཡོན་ཏན་མཐའ་དག་རྟོགས་ཏེ། ཆོས་སྡེ་གྲུབ་མཐའི་ཞལ་འཛིན་མི་གཅིག་པའི་དེ་སྐབས་ཀྱི་གྲྭ་རིགས་དགེ་བཤེས་ཐམས་ཅད་རིན་པོ་ཆེ་ངག་དབང་པ་སྐྱེས་བུ་ཚད་མ་ཡིན་ཞེས་ཞལ་མཐུན་པར་སྒྲོག་ཅིང༌། དགེ་བཤེས་དེ་དག་ཕྱིས་བླ་མར་འཕར་བ་ཀུན་ཀྱང་གསང་སྔགས་ཕྱོགས་ཀྱི་ཐུགས་དང༌། སྐྱབས་གནས་ཀྱི་མཐར་ཐུག་འདྲེན་མཆོག་འདི་ཁོ་ན་ལ་ཞུ་སྟེ་འདིའི་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུ་ཡིན་འདུག །དེའི་སྐབས་ཤིག་འཛད་ཆོས་སྒོར་མུས་ཆེན་བསོད་ནམས་ལྷུན་གྲུབ་ཞབས་དྲུང་དུ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཁ་ཤས་ཀྱང་གསན་འདུག་ལ། ཐོག་མར་སློབ་དཔོན་མཛད་སྐབས་ནས་བཟུང་མཁན་ཐོག་གི་སྐབས་དང༌། ཕྱིས་ནས་ཀུན་སྤངས་མཛད་སྐབས་ཐམས་ཅད་དུ་སྡེ་སྣོད་རྒྱུད་སྡེའི་གསུང་རབ་མཐའ་དག་བློ་གསལ་རྣམས་ལ་དངོས་སུ་སྒྲ་དབྱངས་རྒྱུན་མི་འཆད་པར་སྒྲོག་པར་མ་ཟད། སླད་ཀྱི་བློ་གསལ་མ་འོངས་པ་རྣམས་ཀྱི་ཐོས་བསམ་གྱི་རྟེན་གཞི་དང༌། བསྟན་པ་རིན་པོ་ཆེའི་ཞབས་འདེགས་ལ་དགོངས་པའི་བསྐུལ་བ་སོ་སོའི་དོན་སྔ་ཕྱིར་མཛད་པ་ལ། ཚད་མ་རིག་གཏེར་གྱི་བློ་རིགས་སྐབས་ལ་དགོངས་པའི་རྣམ་བཤད་ངོ་མཚར་བ་ཤོག་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད་པ། ཕར་ཕྱིན་གྱི་སྤྱི་དོན་ཀུན་མཁྱེན་ཆེན་པོའི་དགོངས་པ་གསལ་བ། ཆོས་འཁོར་གྱི་བཤད་པ་ལུང་གི་སྒྲོན་མེ། དབུ་མ་འཇུག་པའི་སྤྱི་དོན་ཐེག་མཆོག་གནད་