[A:༣༥༨]ཡིན་ནོ། །ཡང་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་ལོ་དཔལ་རི་བོ་ཆེར། གྲུབ་རིས་མཁས་བཙུན་བཟང་པོའི་ཁྱུ་མཆོག་དཔལ། འགྱུར་མེད་བདེ་བ་ཆེན་པོའི་ཞབས་དྲུང་དུ་ཕེབས་ཏེ། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཟབ་ཆོས་རྩ་བ་ནེ་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར་སོགས་འཁྲིད་བྱིན་རླབས་ཀྱི་བཀའ་སོ་སོ། །རྒྱབ་ཆོས་ལུང་གི་སྐོར། ཆོས་སྐྱོང་མགོན་པོའི་སྐོར་དང་བཅས་པ། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ཚུན་གསན། རྗེའི་སྐུ་གཞོགས་ནས་ཕེབས་སྐབས་རྗེ་རང་གི་ཕྱག་འཕྲེང་མཆོད་འཕྲོ་ཞིག་དམ་པ་དེ་ཉིད་ལ་གནང༌། ཟབ་ལམ་ནེ་གུའི་ཆོས་སྐོར་འདི་བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་ནས་བརྒྱུད་པ་ཡང་ཡིན། ཆོས་འདིའི་བདག་པོ་ཁྱེད་ཡིན། ཆོས་འདི་དང་བརྒྱུད་འཛིན་རིན་པོ་ཆེའི་དགོན་པ་བསམ་འགྲུབ་དགོན་གསར་གཉིས་ལ་ཐུགས་ཅག་ཐོན་པ་མཛོད། སླར་ཡང་ཆོས་ཟབ་པོ་འདྲ་རྒན་པོ་ངེད་ལ་ཡོང་བ་ཡོད་གསུང༌། དཔེ་མེད་ཀྱི་ཐུགས་མཐོང་དཔོན་སློབ་གཉིས་ཐད་ནས་འབྲལ་མི་ཕོད་པ་ལྟ་བུ་བྱུང་འདུག་ཅིང༌། འདི་འདྲེན་པ་མཆོག་ཅིག་ཏུ་མཛད། དགུང་ལོ་ཞེ་བཞི་པ་སྲིན་པོ་ཞེས་པ་ཤིང་མོ་ཡོས་ལོའི་སྟོན་ཀ་ཐུབ་བསྟན་མཁན་ཐོག་འཇོག་པ་གནང་སྟེ། ཀུན་སྤངས་སྔགས་ཀྱི་བཤད་སྒྲུབ་གཙོ་བོར་གནང་བར་བཞེད་དེ། ཐོག་མར་ཁའུ་བྲག་རྫོང་གི་བྱ་འདབས་རྗེ་བཙུན་བརྩེ་བ་ཆེན་པོ་འཁྲུངས་སའི་གནས་མཆོག་ཕྲུ་མ་གཟིམས་སྤྱིལ་དུ་ཟླ་བ་བདུན་གྱི་རིང་འཁོར་ལོ་བདེ་མཆོག་གི་གསུང་བསྙེན་གནང༌། དེའི་སྐབས་ཤིག་དཔལ་ས་སྐྱའི་བཞི་ཐོག་