[A:༣༦༢]གསུམ་པོ་ཚང་ལ་ཐུགས་རྗེ་མེད། །བཞི་པོ་ཚང་ལ་བརྩོན་འགྲུས་མེད། །ལྔ་ལྡན་གྱི་བླ་མ་འཚོལ་འཚོལ་ནས། །ལམ་སྒྲུབ་པ་ལ་ལོ་འགའ་འགྱང་སྟེ་ཐལ། །ཞེས་གསུངས་པ་ལྟར་གྱི། ལྔ་ལྡན་གྱི་བླ་མར་དགོངས་ཏེ། གདུང་བརྒྱུད་སྐུ་མཆེད་དུ་མ་ཟད། དེའི་སྐབས་ཀྱི་ས་སྐྱ་ཚད་ཀྱི་རྡོ་རྗེ་འཆང་ཆེན་པོ་མཁྱེན་བརྩེ་ཕུལ་དུ་བྱུང་བ། དཀྱིལ་འཁོར་རྒྱ་མཚོའི་མངའ་བདག །འདུལ་བ་འཛིན་པ་ཡོངས་ཀྱི་གཙུག་རྒྱན། དོན་གྱི་སླད་དུ་མཚན་ནས་སྨོས་པ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐུ་མཆེད། གདུང་བརྒྱུད་སྐུ་མཆེད་དང་བཅས་པ་ཞལ་ངོ་རྩེ་རྒྱས་ཀྱི་དབུ་བླར་བཞེས་ཏེ། ཚེ་དཀར་གྱི་རྗེས་གནང་གིས་ཐོག་དྲངས། ལན་གསུམ་ཕེབས་པའི་རིང་ལ་ཁའུ་པའི་སྙན་བརྒྱུད་མགོན་པོ་ཆེ་ཆུང་གི་སྐོར། ནཱ་རོ་མཁའ་སྤྱོད་ཀྱི་སྐོར། དམར་པོ་སྐོར་གསུམ་ལ་སོགས་པ་ཞིབ་རྒྱས་དང༌། ནེ་གུ་ཆོས་དྲུག་གི་སྐོར་ཡང་ཆ་ཚང་བ་འབུལ་བར་གནང༌། ཕེབས་སྐོར་བར་མ་ལ། ཞབས་དྲུང་གདུང་བརྒྱུད་འཇམ་དབྱངས་བྱམས་པ་བསོད་ནམས་ལྷུན་གྲུབ་དཔལ་བཟང་པོ་བསྙེན་པར་རྫོགས་པ་གནང་བའི་ལས་ཀྱི་སློབ་དཔོན་དམ་པ་འདི་ཉིད་ཀྱིས་མཛད་འདུག་ཅིང༌། དམ་པ་འདིས་ཀྱང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་དྲུང་དུ་ཀྲྀ་ཡ་རྡོར་ཕྲེང་གི་དཀྱིལ་འཁོར་བཞི་བཅུ་རྩ་ལྔའི་དབང་བསྐུར། གུ་རུ་དྲག་དམར་མངའ་བདག་ཉང་ལུགས་ཀྱི་དབང་རྒྱས་པ། ས་སྐྱ་བཀའ་འབུམ་གྱི་ལུང་དོན་ཞགས་ལྷ་ལྔའི་རྗེས་གནང༌། ཚེ་དབང་ལྷ་དགུ་མ་ལ་སོགས་པ་ཟབ་ཆོས་མཐའ་ཡས་པ་གསན་ཅིང༌། དཔོན་སློབ་ཕན་