R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༦༣
[A:༣༦༣]ཚུན་མོས་གུས་དང༌། ཐུགས་མཐོང་གཅིག་ལ་གཅིག་ཞུགས་ཀྱི་ལེགས་ཚོགས་རྟེན་འབྲེལ་ཚད་མེད་འགྲིག །དེའི་སྐབས་ཤིག་གསེར་མདོག་ཅན་གྱི་མཁན་པོ་སྡེ་སྣོད་འཛིན་པ་ཆེན་པོ་མཁས་པའི་དབང་པོ་འཇམ་དབྱངས་ཤཱཀྱ་བསྟན་འཛིན་བདག་ཆེན་ཞལ་ངོ་ཚོར་མཇལ་དུ་ཕེབས་འདུག་པ་དང༌། གོང་བཞུགས་ཀྱི་བཀའ་ཕེབས་ལ། ད་ལྟ་ས་སྐྱ་པའི་དགེ་བའི་བཤེས་གཉེན་ཁྱེད་གཉིས་དྲག་ཤོས་ན་ཡོད་འདུག་པས། དེང་སང་བཞུགས་གྲལ་གྱི་སྐབས་ལ་གསོལ་ཇ་ཡང་ཆེད་བསྟད་ཁྱད་ཐོན་གྱི་ཁུང་ཉིས་སྦྲེལ་རེ་བརྒྱག་གིན་ཡོད་པ་ནས། དེའི་རིང་གསུང་རབ་གྱི་དོགས་དཔྱོད་སྤྱི་བྱེ་བྲག་ཐམས་ཅད་བསྟན་པའི་ག་བདར་དུ་འགྲོ་བ་མཛད་དགོས་ཞེས་ཐུགས་བསྐྱེད་ལྷག་བསམ་དཔེ་མེད་ཀྱི་བཀའ་ཕེབས་བྱུང་འདུག་པར་དམ་པ་འདིས་ཀྱང་བདག་དབུ་བླའི་ཁུང་བྱས་གདན་མཐོ་བ་དང༌། གསེར་མདོག་མཁན་པོར་གདན་ཐོབ་དཀྱུས་མ་གནང་ན་མི་འགབ་པས་བཞུགས་གདན་ལ་སྤར་ཁ་གནང་དགོས་ཞུ་བ་གནང༌། དེ་བཞིན་བཞུགས་གདན་གྱི་སྤར་ཁ་གནང་བའི་བདག་ཆེན་ཁྲི་ཆེན་མོ་བཞུགས་གྲལ་གྱི་དབུས་ལ་བཞུགས། གཡས་གཡོན་དུ་དམ་པ་འདི་ཉིད་དང༌། གསེར་མདོག་མཁན་པོ་སྡེ་སྣོད་འཛིན་པ་ཆེན་པོ། རིན་པོ་ཆེ་སྙིང་རྗེ་བཟང་པོ། རིན་པོ་ཆེ་ཆོས་སྐུ་བ་སོགས་དགེ་བའི་བཤེས་གཉེན་མང་དག་འཁོད་དེ། གསུང་རབ་སོ་སོའི་གསུང་གླེང་མཐའ་ཡས་པ་དང༌། ཁྱད་པར་གསུང་ངག་ལམ་འབྲས་སྐོར་ལ་དྲི་བ་ལན་ལོན་མཐའ་ཡས་པ་གནང་འདུག་པ་ནི། སྔོན་སྟོན་པའི་དྲུང་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་དང༌། ཉན་ཐོས་མཆོག་