R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༦༡
[A:༣༦༡]མཁན་པོ་མང་ཐོས་གྲགས་པ་རྣམ་རྒྱལ། བཟང་ལྡན་མཁན་པོ་རིན་པོ་ཆེ་ལྷ་དབང་པ། འཕགས་སྡེ་མཁན་པོ་ངག་དབང་ཆོས་བཟང་པོ་སོགས་བླ་མ་རང་བཅུ་ཕྲག་ཙམ་གྱིས་གཙོས་པའི་ཚོགས་པ་བདུན་ཅུ་སྐོར་ལ་གསུང་ངག་ལམ་འབྲས་ཆ་ལག་ཡོངས་རྫོགས་སྨིན་རྒྱས་སུ་གནང༌། སླར་ཡང་དགོན་གསར་དུ་གསུང་ངག་ལམ་འབྲས་ཚར་གསུམ་དང༌། བླ་བྲང་རྫོང་དུ་ཕྱིས་ཀྱི་བཞུགས་སའི་མཐིལ་ཡང་མཛད། ཐུབ་བསྟན་སློབ་དཔོན་བྱང་ཆུབ་འོད་ཟེར་དང༌། ཉི་ཤར་བ་དགེ་བའི་བཤེས་གཉེན་རྒྱ་མཚོ་བ་སོགས་སོ་སོའི་ཞུ་ངོར་གསུང་ངག་ལམ་འབྲས་ཚར་གསུམ་དང༌། རབ་བྱུང་བསྙེན་རྫོགས་མང་པོ་གནང་ཞིང༌། ལྕགས་མོ་བྱ་ལོ་དགུང་ལོ་ལྔ་བཅུ་པར་ཕེབས་པའི་སྐབས་ཤིག་རྩེ་གདོང་གདུང་བརྒྱུད་ཞབས་དྲུང་རྣམས་ཁའུ་སྙན་བརྒྱུད་ཀྱི་ཟབ་ཆོས་རྣམས་གསན་པར་བཞེད་ནས་བླ་མ་ཁ་ཤས་གསུང་བརྟག་གནང་བར་དམ་པ་འདི་ཉིད་ཆུག་སྟེ། བདག་ཆེན་ཁྲི་རིན་པོ་ཆེའི་བཀའ་ཐམ་དང་བཅས། ཐོག་མར་ཕོ་ཉའི་རྒྱུ་འགྲུལ་གྱི་དུས་སྐབས་གཟའ་ཚེས་སོགས་བསྒྲིགས་པར་གནང༌། སླར་ཆིབས་དྲེའུ་ཕྱག་གཡོག་ཕེབས་བསུ་དང་བཅས་ཏེ། དཔལ་རྩེ་གདོང་ཕྱོགས་ལས་རྣམ་རྒྱལ་དགའ་བའི་ཚལ་དེ་ཉིད་དུ་གདན་འདྲེན་པར་མཛད། ཞལ་མཇལ་དང་བསྟུན་དམ་པ་འདིའི་སྐུའི་གཟི་འོད། གསུང་གི་མཁྱེན་ཡངས། ཐུགས་ཀྱི་ཏིང་འཛིན། བྱིན་རླབས་མཛད་པ། འཕྲིན་ལས་ཐམས་ཅད་ཆོས་ནས་ཇི་ལྟར་འབྱུང་བ་བཞིན་ཚང་བའི་རྗེ་བཙུན་རིན་པོ་ཆེའི་མགུར་ལས། ཁོང་མཁྱེན་རྒྱ་ཅན་ལ་མན་ངག་མེད། །མན་ངག་ཅན་ལ་མཁྱེན་རྒྱ་མེད། །གཉིས་ག་ཚང་ལ་སྒྲུབ་ཚུགས་མེད། །