[A:༣༦༤]རྣམས་དྲི་བ་དྲིས་ལན་གྱི་སྒོ་ནས་བསྟན་པ་ལ་ཞལ་གསལ་མཛད་པ་སྒྲ་ཇི་བཞིན་བྱུང་འདུག་པ་སྤྱི་སྒོས་ཐམས་ཅད་ཀྱི་བསྟན་པའི་མིག་ལྟོས་ལ་ཤིན་ཏུ་ཕན་པར་མངོན་ལགས་སོ། །དེ་ནས་དགུང་ལོ་ང་བཞིའི་བར་བླ་བྲང་རྫོང་དུ་ལམ་འབྲས་ཚར་གཅིག་དང་སྐུ་མཚམས་གཙོ་བོར་མཛད། འདར་གྲང་ཆེན་དུ་རྡོ་རྗེ་འཛིན་པ་ཡོངས་ཀྱི་གཙུག་རྒྱན་གྲུབ་མཆོག་དབང་ཕྱུག་རབ་བརྟན་གྱི་ཞབས་པད་ཀྱང་ཡང་ཡང་བསྟེན་ཏེ། གཉན་གྱི་མགོན་པོའི་ལས་བཞིའི་རྗེས་གནང༌། མཁའ་འགྲོ་རྒྱ་མཚོའི་དབང༌། དགྲ་ནག །གདོང་དྲུག་གི་དབང་དང༌། ཤངས་ཆོས་ཚར་ཆོས་ཀྱི་སྔར་མ་གསན་པའི་འཕྲོས་ཐམས་ཅད་ཞིབ་ཏུ་གསན། ཐུགས་དད་ཀྱང་ཤིན་ཏུ་ཆེ་བར་མཛད། ཁྲོ་མོ་ཞེས་པ་ཤིང་མོ་གླང་ལོ་དགུང་ལོ་ང་བཞི་པ་ལ་རྩེ་གདོང་ཞབས་དྲུང་གིས་ཞབས་ཏོག་གི་མཐུན་རྐྱེན་བཀའ་དྲིན་བསྐྱངས་ཏེ། དམ་པ་འདིས་ཆོས་འཁོར་ལྷ་སར་ཞབས་སྐོར་འབུམ་ཐེར་ཐུགས་རུས་ཤིན་ཏུ་ཆེ་བའི་སྒོ་ནས་གནང་འདུག་སྐབས་མནལ་ལྟས་ཁྱད་པར་ཅན་བྱུང་བའི་ཚུལ་ཕྱིས་གདན་ས་ཆེན་པོར་སྔགས་འཆང་ཐམས་ཅད་མཁྱེན་པ་ལ་བཀའ་སྩལ་འདུག་པ་ཡང་འོག་ཏུ་འཆད་དོ། །དེ་ནས་དགུང་ལོ་ང་དྲུག་པར་ཕེབས་པ་རབ་བྱུང་ཞེས་པ་མེ་མོ་ཡོས་ལོ་ཆོ་འཕྲུལ་ཆེན་པོའི་སྟེང་དུ་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་རྗེ་བཙུན་རིན་པོ་ཆེའི་སྐུ་འདྲ་མཛེ་ཐོད་མར་ཞབས་སྐོར་འབུམ་ཐེར་གསོག་པར་ཕེབས་ཏེ། དེའི་ཚེ་རིགས་སྔགས་འཆང་བ་ཡོངས་ཀྱི་གཙུག་རྒྱན་སྔགས་འཆང་ཐམས་ཅད་མཁྱེན་པས་སྔ་སོར་ནས་ཀྱང་དཔོན་སློབ་ཤིན་ཏུ་ཐུགས་ནང་དག་པ་འདུག་པ་བཞིན། སླར་དབུ་བླར་བཞེས་རྩིས་ཀྱི་ཆོས་སྡེ་ཕན་ཚུན་འདུས་པའི་ཚོགས་