[A:༣༦༥]ཀྱིས་བསུ་བ་སེར་སྦྲེང་རྒྱས་པ་དང་བཅས་ཏེ་ཐོག་མར་བཞི་ཐོག་བླ་བྲང་དུ་གདན་འདྲེན་པར་མཛད། ཞག་ཁ་ཤས་སྐུའི་ངལ་གསོ་དང་ཆོས་ཀྱི་གསུང་གླེང་མང་པོ་མཛད། དེ་ནས་དམ་པ་འདིས་ཟུར་ཁང་ལྷ་ཁང་དུ་ཞབས་སྐོར་གྱི་དངོས་གཞི་འཛུགས་པ་གནང༌། དེའི་སྐབས་ནས་བདག་ཅག་ཀྱང་འདྲེན་མཆོག་དམ་པ་དེ་ཉིད་དང་མཇལ་ཏེ། སྐལ་པ་བཟང་པོར་གྱུར་ལགས། ཞབས་སྐོར་གྲོལ་ནས་བཞི་ཐོག་བླ་བྲང་ཕུན་ཚོགས་གླིང་སོགས་སུ་ལན་གྲངས་དུ་མར་ཕེབས་པའི་རིང་ལ་སྔགས་འཆང་ཐམས་ཅད་མཁྱེན་པར་དམར་པོ་སྐོར་གསུམ། རྒྱལ་ཆེན་རྣམ་ཐོས་སྲས་རིགས་བཅོ་ལྔའི་རྗེས་གནང་སོགས་མཐའ་ཡས་པ་དང༌། རྡོ་རྗེ་བྲག་རྫོང་མའི་འཁྲིད། རྭ་འཁྲིད་མཁའ་འགྲོ་སྙན་བརྒྱུད། འཇིགས་བྱེད་ལྷ་བཅུ་གསུམ་མ། གཙུག་ཏོར་གདུགས་དཀར། དགྲ་ནག །གདོང་དྲུག །དུས་འཁོར། གསང་འདུས་སྤྱན་གཟིགས། འཇམ་རྡོར། སོར་འབྲང་རྣམས་ཀྱི་དབང་དང༌། རྭ་པོད། སྙན་བརྒྱུད་པོ་ཏི། བཀའ་གདམས་གླེགས་བམ་སོགས་ལུང་གི་ཚོགས་མཐའ་ཡས་པ་དང༌། གཞན་ཡང་དབང་ལུང་གི་ཚོགས་མང་པོ་དང༌། རྒྱུད་གསུམ་གྱི་བཤད་བཀའ་ཡང་འབུལ་བ་གནང༌། ཁྱད་པར་དབང་ཕྱུག་ཅེས་པ་མེ་མོ་གླང་ལོ་དབྱར་དུས་ཚེས་བརྒྱད་ཅིག་ལ་ཁའུ་སྐྱེད་ལྷས་མགོན་ཁང་དུ་དཔལ་མགོན་ཞལ་བཞི་པ་ལ་གཏོར་གཞི་བཙུགས་པའི་རྒྱལ་ཡུམ་སྒྲོལ་མ་ལགས་ལ་ཞལ་གྱི་རྗེས་གནང་བཀའ་བསྒོ་འཕྲིན་བཅོལ་ཡང་དག་མཛད་པ་ལ་བརྟེན། འབྲུ་མང་ཞེས་པ་ས་ཕོ་སྟག་ལོ་སྟོན་དུས་ཀྱི་ཚེས་བརྒྱད་པ་ཤེའི་འགྲུབ་སྦྱོར་གྱི་ཉིན་ད་ལྟའི་གདུང་བརྒྱུད་རིན་པོ་ཆེ་