R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༦༦
[A:༣༦༦]འཇམ་དབྱངས་ངག་དབང་བསོད་ནམས་དབང་ཕྱུག་འདི་ཉིད་འཁྲུངས་པ་ཡིན་ནོ། །གཞན་ཡང་དཔལ་ས་སྐྱ་དེ་ཉིད་དུ་ཐུབ་བསྟན་ལྷ་ཆེན་གྱི་མཁན་པོ་ལུགས་གཉིས་ཀྱི་དཔལ་འབྱོར་ཆེན་པོ་ཅན་མཁན་རིན་པོ་ཆེ་རྒྱལ་མཚན་ལ་སོགས་པ་ཆོས་སྡེ་ལྷོ་བྱང་གི་དགེ་འདུན་བརྒྱ་ཕྲག་དུ་མ་སྐྱེ་བོའི་ཚོགས་དང་བཅས་པར་དབུ་མ་ལུགས་ཀྱི་སེམས་བསྐྱེད། དུས་ཀྱི་འཁོར་ལོའི་དབང་ལ་སོགས་པ་གནང་སྟེ། ཐམས་ཅད་ཀྱི་སྨིན་གྲོལ་ཡར་འཕེལ་དུ་མཛད། སྔགས་འཆང་ཐམས་ཅད་མཁྱེན་པ་ཉིད་ཀྱི་དྲུང་དུ་ཡང་དམ་པ་འདི་ཉིད་ཀྱིས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དབང་རིམ་ལྔའི་འཁྲིད་ཞིབ་རྒྱས་སུ་གསན་ཅིང༌། དེ་དུས་ཇི་ལྟར་གསན་པའི་དཀྱིལ་ཆོག་མང་མཁར་བསམ་འགྲུབ་དགོན་གསར་དུ་སྒྲུབ་དཀྱིལ་དེ་འཛུགས་པ་གནང་བའི་སྒྲུབ་མཆོད་ཀྱི་རྒྱུན་ཡང་དག་པ་ཡང་ཡོད། གཞན་ཡང་འཁོར་ལོ་བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་དབང༌། སྒྲུབ་ཐབས་རྒྱ་མཚོ་སོགས་མང་དག་གསན། འདི་དག་གི་སྐབས་རྣམས་སུ་ཡང་ཕན་ཚུན་གཉིས་ཀ་མཁྱེན་པ་ཆེ་བས་ཆོས་དངོས་སུ་གནང་བའི་ཆོས་ཡུན་ལས་ཀྱང༌། གསུང་རབ་སྤྱི་སྒེར་གྱི་དོགས་དཔྱོད་དྲི་བ་དྲི་ལན་གནང་བ་རང་ཡུན་རིང་བ་ཡོང་གིན་འདུག་ཟེར་འཕྲོས་གླེང་ཞིང༌། གཞན་ཡང་དེ་སྐབས་རྣམས་སུ་འདྲེན་མཆོག་འདི་སྔོན་གྱི་སྐྱེ་བ་གང་ཡིན་སོགས་ཀྱི་དྲི་རྩད་ཀྱང་ཚད་མེད་པ་ནན་ཆགས་པར་བརྟེན། གསང་བའི་ཆ་ཤས་ཁ་རེ་དམ་དོག་ཆེན་པོའི་གསུང་ཡང་བྱོན་ཡོད་འདུག་ལགས་སོ། །དགུང་ལོ་ང་བརྒྱད་པ་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ཐུབ་བསྟན་དགེ་འཕེལ་དུ་ཕེབས་ཏེ་ཞལ་འཛིན་གནང་