[A:༣༦༧]གྲྭ་ཚང་མཁན་པོ་ད་ལྟ་ཀུན་སྤངས་མཛད་པ་འདི་དང་ཁྲ་མོའི་སློབ་དཔོན་ལུང་རིགས་ཀྱི་མཁྱེན་པ་རབ་ཏུ་རྒྱས་པ་རིན་པོ་ཆེ་མཐའ་ཡས་པ། སྡེ་སྣོད་འཛིན་པ་སྡེ་པ་བླ་མ་ལགས་དྲུང་དང༌། གཞན་ཡང་གྲང་ཆེན་དང༌། དགོན་གསར་ནས་བྱོན་པའི་དགེ་སློང་ཁ་ཡར་སོགས་བརྒྱ་ཕྲག་ལྷག་ཙམ་ལ་གསུང་ངག་ལམ་འབྲས་སློབ་བཤད་སྨིན་རྒྱས། སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། སྒྲུབ་ཐབས་བརྒྱ་རྩ་སོགས་མང་པོ་དང༌། དགེ་སློང་བློ་གྲོས་རྡོ་རྗེ་འཇམ་དབྱངས་དར་རྒྱས། བདག་གི་མཆེད་གྲོགས་ཆོས་གྲགས་དཔལ་བཟང་སོགས་གྲྭ་པ་ཁ་ཤས་ལ་རབ་བྱུང་བསྙེན་རྫོགས་ཚར་ཁ་ཡར་མཛད། ལམ་འབྲས་གྲོལ་འཕྲལ་གནས་དེ་ཉིད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་འཛུགས་པ་གནང་ཞིང་ཐུགས་དམ་གཙོ་བོར་མཛད་པའི་ལོ་མཚམས་བསྡམ་པ་གནང༌། ལྕགས་མོ་ལུག་ལོ་དབྱར་ཆོས་ཐོག་བཟང་ལྡན་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་དཀོན་མཆོག་པས་ཐོག་དྲངས་སློབ་དཔོན་སོ་སོ་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ་ལ། དཔལ་ལྡན་ངོར་པའི་ཕྱག་ལེན་དཀྱུས་བཞིན་གྱི་གསུང་ངག་ལམ་འབྲས་ཆ་ལག་རགས་རིམ་དང་བཅས་པ། སྒྲུབ་ཐབས་བརྒྱ་རྩ། རབ་བྱུང་བསྙེན་རྫོགས་མང་པོ་དང་བཅས་པ་གནང༌། ཀྱེ་རྡོ་རྗེའི་གཞི་བསྙེན་གྱི་དམ་བཅའ་འབུལ་མཁན་ཡང་ཤིན་ཏུ་མང་བར་བྱུང་འདུག །ཡང་རྟིང་སོར་ཆོས་སྡེ་དེར་བྱང་ཁང་གསར་གྱི་བྱམས་ཆེན་སྤྱན་དྲངས་པའི་གེགས་སེལ་རབ་གནས་སོགས་ཀྱང་དམ་པ་འདིས་མཛད། དེའི་གོང་ལོ་ཁ་ཅིག་གི་སྔོན་དུ་ཐུབ་པའི་བསྟན་པ་ཕྱོགས་ཐམས་ཅད་དུ་རྣམ་པར་རྒྱལ་