R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༧༠
[A:༣༧༠]མཁན་པོ་མཛད་པའི་ཆོས་མཛད་དྲུང༌། ཀོང་པོ་དཀའ་བཅུ་པ་ཚུལ་ཁྲིམས་བཟང་པོ། ཁམས་པ་དགེ་རྒན་ལྷུན་གྲུབ་རྣམས་ལ་དཔལ་མགོན་ཞལ་བཞི་པའི་གསང་འཁྲིད། ཞལ་ཁྲ་ཅན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང༌། དེའི་རྒྱབ་ཆོས་གཉན་གྱི་ཤོག་རིལ་ཉེར་གཅིག་སོགས་ཆོས་ཚན་ཁ་ཡར་གྱི་ལུང༌། ཛམ་ལྷ་དཀར་པོ་གཙོ་འཁོར་ལྔའི་རྗེས་གནང༌། དེའི་ཡིག་ཆ་གསུང་རྩོམ་གྱི་ལུང་དང་བཅས་པ། གཞན་ཡང་དབང་རྗེས་གནང་མཐའ་ཡས་པ་གནང༌། བདག་གིས་ལས་སློབ། ཆོས་མཛད་དྲུང་གིས་གསང་སྟོན། ཀོང་པོ་ཚུལ་ཁྲིམས་ཀྱིས་གྲིབ་ཚོད་པ། ཁ་སྐོང་དགེ་སློང་ཤེས་རབ་དཔལ་བཟང་པ་དང༌། གྲོགས་ལྡན་དགེ་སློང་དགེ་བའི་བཤེས་གཉེན་དཔལ་རིན་པས་མཛད་དེ། ཐུབ་བསྟན་དབུ་མཛད་ཛམ་བྷ་ལ་དང༌། བདེ་གླིང་ནས་དགེ་སློང་བརྩོན་འགྲུས། དབོན་པོ་རྒྱལ་མཆོག །གྲང་ཆེན་ནས་བསོད་ནམས་རབ་བརྟན་པ་སོགས་ཁ་ཤས་ལ་རབ་བྱུང་བསྙེན་རྫོགས་གནང༌། གསུང་ངག་ལམ་འབྲས་གྲོལ་ནས་དགོན་གསར་གྱི་བླ་མ་ལྷ་ཁང་འདིའི་རབ་གནས་ཀྱང་དེ་དུས་གནང༌། འདྲེན་མཆོག་གི་སྐུ་འདྲའི་ཕྱག་མཐིལ་ལ་སོགས་པར་ནས་ཁ་ཅིག་འབྱར། ལོ་ཡང་ཤིན་ཏུ་ལེགས་པའི་ཕྱི་ནང་གི་རྟེན་འབྲེལ་ཕུན་སུམ་ཚོགས་པར་བྱུང་ངོ༌། །དེའི་སྐབས་ཤིག་སྦྱིན་བདག་ཤིན་ཏུ་དད་གུས་ཆེ་བ་ཕྱུག་པོ་རྡོ་རྗེ་ཟེར་བ་དེས་ཐུབ་བསྟན་དགེ་འཕེལ་ཞལ་བདག་ད་རུང་གནང་དགོས་ཟེར་ཕྱག་མང་པོ་འཚལ་ཞུ་ཆ་ནན་ཆེར་འབུལ་གྱིན་འདུག་པས། དམ་པ་དེ་ཉིད་ཀྱི་གསུང་ལས། ད་རྒས་ཁ་འཆི་ཁར་དགོན་པ་མང་པོའི་འཛིན་བདག་མི་ཡོང༌། ངེད་ཚང་ནི་ཚེ་རིང་བརྒྱུད་མིན་པས་ཨ་ཇོ་ཨ་ནེ་ཨ་ཁུ་སོགས་ཀྱི་ལོའི་སྲི་ལ་འཆིའམ་འཆིའམ་བསམས་ཀྱང་མ་ཤི །དེ་ནས་ང་བརྒྱད་པ་ལ་འཆིའམ་བསམས་ཀྱང་མ་ཤི །ད་དྲུག་ཅུ་རེ་བརྒྱད་པར་