[A:༣༧༣]བཞུགས་འདུག་པ་ལ། དེའི་ལྷོ་ཕྱོགས་ཀྱི་ནམ་མཁར་རྗེ་ས་སྐྱ་པ་ཆེན་པོ་སྐུ་ཚད་ཐོག་དཔངས་ཙམ་ཞིག་ཞལ་ཤར་དུ་གཟིགས། སྐུ་མདུན་ན་ཏིང་བདུན་ཚར་ཆེ་བ་ཡོན་ཆབ་དངས་མས་བསྐངས་ནས་བར་སྣང་དེ་ཁར་སྒྲེང་ཚར་དུ་འདུག་པར་གཟིགས་པས་ཐུགས་དད་ལྷག་པར་གཡོས་ནས་གསོལ་བ་དྲག་ཏུ་བཏབ་པའི་སྣང་བ་བྱུང་འདུག་པ་ནི། རྗེ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་མཚན་མ་དང༌། ཡང་སྐབས་ཤིག་མནལ་ལམ་དུ་ས་སྐྱའི་ཟམ་སྣེ་དེར་དམ་པ་འདི་རང་བཞུགས་འདུག་པ་ལ། ལས་ཆེན་པ་ཡིན་ཟེར་བའི་བནྡེ་ཆེན་པོ་ཞིག་ནི་ཁྱོད་ཆོས་རྗེ་ས་པཎ་སྐབས་ས་པཎ་གྱི་ཕྱག་ཕྱིར་འབྲངས་པའི་ཁམས་པ་སྲིད་དྲལ་མ་དང༌། ཆོས་རྣམས་མ་ཁ་འདོན་བྱེད་མཁན་ཅིག་ཡིན། ཁྱོད་ཀྱི་བུ་དང་ཆུང་མ་ཁང་པ་འདི་ཡིན་ཟེར། དན་ཕྱོགས་ཀྱི་ཁང་པ་ཞིག་ལ་མཛུབ་བསྟད་བྱེད་པ་དང༌། དེ་རྗེས་ཁྱོད་ཀུན་མཁྱེན་གཡག་པའི་སྐབས་སུ་དཀའ་བཅུ་པ་བསོད་ནམས་རིན་ཆེན་ཟེར་བའི་བཙུན་པ་རྣམ་དག་ཞིག་ཏུ་སྐྱེས། དེ་ནས་མདོག་བསེ་མཁར་ཆུང་དུ་དྲག་སྔགས་འགྲུབ་པའི་སྔགས་པ་ཞིག་ཏུ་སྐྱེས་པ་ཡིན་ཟེར་བ་བྱུང་འདུག་པ་ནི་ཆོས་རྗེ་ཁུ་དབོན། ཀུན་མཁྱེན་གཡག་པ་སོགས་ཀྱིས་རྗེས་སུ་བཟུང་བའི་མཚན་མ་ཡང་དག་པར་མངོན་ཞིང༌། ཡང་ཆོས་རྗེ་རྫོང་པ་ཀུན་དགའ་རྒྱལ་མཚན་ལ་མདོག་གི་ས་ཆའི་སྐོར་ཞིག་ཏུ་གཤེད་དམར་ལྷ་ལྔའི་དབང་གསན་པ་ཤིན་ཏུ་གསལ་བར་དྲན་པ་ནི་ཆོས་རྗེ་དེས་རྗེས་སུ་བཟུང་བའི་རྟགས་སུ་འདུག་ཅིང༌། ཕྱིས་བྱུང་བླ་བྲང་རྫོང་དུ་བཞུགས་སྐབས་ཤིག་ཉི་ཤར་ཆོས་མཛད་སྐུ་མདུན་ན་གསུང་སྤོར་ཞུས་ཡོད་སྐབས་ཤིག །གསོལ་