R180: དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་ཀྱི་གྲགས་པའི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད།

  • Pagination (Witness A): ༣༧༤
[A:༣༧༤]ཇ་ཕྱག་ཏུ་བཞེས་ནས་ཇ་མཆོད་ཀྱི་རྣམ་པ་མཛད་པའི་མུ་ལ་རྒྱུན་རིང་པོའི་བར་མདུན་གྱི་བར་སྣང་ལ་སྤྱན་གཟིགས། ཀུན་དགའ་བཟང་པོ་འའི་ཀུན་དགའ་བཟང་པོ་ཞེས་ཡང་ཡང་གསུང་བ་དང༌། དབུ་གུག་གུག་མོས་པའི་རྣམ་འགྱུར་དུ་མ་མཛད་ཅིང་རྗེ་བཙུན་གོང་མ་ལྔ་ལ་གསོལ་བ་འདེབས་ན་ཀུན་དགའ་བཟང་པོ་ལ་གསོལ་བ་བཏབ་པས་གོང་མ་ལྔ་ཆར་ལ་གསོལ་བ་བཏབ་པའི་གོ་ཆོད་པར་འདུག ཅེས་གསུང་འདུག་ཅིང༌། དུས་རྒྱུན་དུ་ཡང་རྗེ་རྡོ་རྗེ་འཆང་གི་གསུང་དང་མཛད་པ་འདི་ལྟ་བུ་ཞེས་ཡང་ཡང་བསྔགས་བརྗོད་གནང་བ་དང༌། ད་ལྟའི་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་བདག་ཉིད་ཤར་ཆེན་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་ཤེས་རབ་འབྱུང་གནས་ཀྱིས་ངོར་ཨེ་ཝཾ་ཆོས་ལྡན་གྱི་ལུགས་གཉིས་ཀྱི་འཛིན་འབྲས་དཔེ་མེད་བྱུང་བ་ལ་ཡང༌། ཞབས་དྲུང་འབྱུང་གནས་ལགས་ཀྱིས་ངོར་དགོན་པ་ལ་ཟིན་གསོ་དཔེ་མེད་བྱུང༌། ཁོང་ཞབས་པད་བརྟན་དགོས་ཞེས་ཡང་ཡང་བསྔགས་བརྗོད་གནང་བའི་ཐུགས་ཞེན་ཤིན་ཏུ་ཆེ་བ་རང་གནང་གིན་འདུག་པ་སོགས་ནི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་རྗེས་སུ་བཟུང་བའི་རྟགས་སུ་གདོན་མི་ཟ་ལ། རྡོ་རྗེ་འཇིགས་བྱེད་ཀྱི་གསུང་བསྙེན་གྱི་སྐབས་ཤིག་མདུན་གྱི་ནམ་མཁའ་ལ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཤིན་ཏུ་གསལ་བར་གཟིགས་པའི་མཚན་མ་བྱུང་འདུག་ཅིང༌། ཐུབ་བསྟན་དགེ་འཕེལ་དུ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཚར་ཁ་ཤས་གནང་སྐབས་ཤིག་བདག་ཀྱང་དབང་གྲལ་དེར་ཡོད་སྐབས་དབང་བཤད་ཀྱི་འཕྲོས་ཤིག་ལ་ཚར་པ་ཆོས་རྗེ་ནས་ངའི་བར་ལ་རྡོ་རྗེ་འཇིགས་བྱེད་འདི་ལ་བྱིན་རླབས་ཀྱི་བརྒྱུད་པ་གཞན་དང་མི་འདྲ་བ་ཞིག་ཡོད་གསུང་བ་དང༌། རྒྱུན་དུ་ཡང་འཇིགས་